ཞོགས་པའི་ཉི་ཟེར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བརྒྱད་གཅིག་སྡེ་ཁུལ་ཀླུ་སྡིངས་ལམ་བོགས་གཏོང་སྒོ་ར་ཆེན་པོར་འཕྲོ་སྐབས་མཱ་ཀ་ཤིས་མོ་ཉིན་གཅིག་གི་ལས་ལ་བྲེལ་འགོ་ཚུགས། མཚོ་སྔོན་ནས་ཡོང་བའི་ས་ལར་རིགས་ཀྱི་ཕོ་གཞོན་དེས་བདེ་སྲུང་བའི་ལས་གོས་སྔོ་ནག་ཞིག་གྱོན་པ་དང་བོད་སྐད་དང་རྒྱ་སྐད་ཆུ་རྒྱུག་རྒྱུག་བརྒྱབ་ནས་འགྲོ་འོང་བྱེད་མཁན་ཁྱིམ་མཚེས་ཚོར་འཚམས་འདྲི་བྱེད་བཞིན་འདུག མཱ་ཀ་ཤིས་མོ་དང་ཁོང་གི་བོད་རིགས་ཀྱི་བཟའ་ཟླ་ཟླ་བ་གཉིས་གཉེན་བསྒྲིགས་ནས་ད་བར་བགྲང་བྱ་29ཙམ་འགྲོ་གི་ཡོད། ས་ལར་རིགས་དང་བོད་རིགས་ལས་གྲུབ་པའི་ཁྱིམ་ཚང་དེའི་ནང་རིག་གནས་དང་གོམས་སྲོལ་མི་འདྲ་བ་འགལ་ཟླར་མི་འགྱུར་བར་འཚོ་བའི་ཁྲོད་ཀྱི་དྲོ་སྐྱིད་ལྡན་པའི་མཉམ་འདྲེས་ཤིག་ཏུ་གྱུར་ཡོད།
མཱ་ཀ་ཤིས་མོ་ཡིས“ངས་ཉིན་ལྟར་ཞོགས་པ་རྩམ་པ་ཟ་གི་ཡོད། ཉིན་གཅིག་མ་བཟས་ན་སྐྱིད་པོ་མི་འདུག འདིར་འཚོ་བ་བསྐྱལ་ནས་ལོ་21ཙམ་སོང་ཡང་ཚང་མ་དང་ཁ་རྩོད་ཙམ་ཡང་ཤོར་མྱོང་མེད། སྔར་ནས་བཟུང་ཁྱིམ་ཚང་གཅིག་ལྟར་རེད”ཅེས་བརྗོད། དེ་འདྲའི་མི་རིགས་མཐུན་སྒྲིལ་གྱི་རྣམ་པས་མི་རིགས་ལས་བརྒལ་བའི་བརྩེ་དུང་ལ་དཔང་པོ་ཐུབ་པ་མ་ཟད། སྡེ་ཁུལ་ནང་གི་མི་རིགས་མང་པོའི་གཉེན་སྒྲིག་ཁྱིམ་ཚང་གི་བདེ་སྐྱིད་ཀྱི་མཚོན་ཚུལ་ཡང་མངོན་གྱི་ཡོད།
མཱ་ཀ་ཤིས་མོ་ཡི་གཏམ་རྒྱུད་ནི་བརྒྱད་གཅིག་སྡེ་ཁུལ་དུ་དཔེ་མཚོན་ཙམ་ཞིག་རེད། བརྒྱད་གཅིག་སྡེ་ཁུལ་དུ་ཁྱོན་མི་རིགས་22དང་མང་ཚོགས་17126འཚོ་སྡོད་བྱེད་ཀྱི་ཡོད་པ་དང་། ཚང་མས་སྐད་གཉིས་ཀྱི་ཐོག་ནས་ཕན་ཚུན་འཚམས་འདྲི་བྱེད་པའི་གོམས་གཤིས་ལོ་མང་རྒྱུན་འཁྱོངས་ཐུབ་ནས་སྡེ་ཁུལ་གྱི་རྒྱུན་གཏན་ཞི་མཐུན་མཉམ་གནས་ཀྱི་མཚོན་རྟགས་ཤིག་ཏུ་གྱུར་ཡོད།
དྲོ་སྐྱིད་ལྡན་པའི་རྒྱུན་གཏན་གྱི་གཏམ་རྒྱུད་དེ་དག་མི་སེམས་གཅིག་ཏུ་སྒྲིལ་བའི་བསམ་པའི་རྒྱགས་ཕྱེར་འགྱུར་ཆེད། སྡེ་ཁུལ་གྱིས་ཁྱིམ་ཚང་ལོ་རྒྱུས་ཁང་ཧུར་ཐག་བསྐྲུན་ཡོད། འགྲེམས་ཁང་ནང་གི་ལོ་ཟླའི་རྗེས་ཤུལ་མངོན་པའི་མཉམ་པར་དང་། སྲོལ་རྒྱུན་གྱི་རྒྱན་གོས། བརྩེ་བ་ཟབ་པའི་ཁྱིམ་ཡིག་བཅས་ལས་སོག་བོད་ཁྱིམ་ཚང་གི་ཕན་ཚུན་འཆམ་མཐུན་དང་། རྒྱ་བོད་དབར་གྱི་འགྱུར་མེད་བརྩེ་བ། དེ་བཞིན་མི་རིགས་མང་པོ་ཁྱིམ་ཚང་གཅིག་ནང་མཉམ་དུ་སྡོད་པའི་དྲོ་སྐྱིད་ལྡན་པའི་རྒྱུན་གཏན་གྱི་འཚོ་བ་བཅས་མཚོན་གྱི་ཡོད། ཁྱིམ་ཚང་ལོ་རྒྱུས་ཁང་གིས“ཁྱིམ”གཞི་རྟེན་དུ་བྱས་ནས་མི་སྒེར་གྱི་དྲན་ཤེས་དེ་སྡེ་ཁུལ་གྱི་ཐུན་མོང་དྲན་ཤེས་སུ་འགྱུར་བར་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་གཞི་རྒྱུ་རྒྱུན་འཛིན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བསམ་པའི་གཡུལ་ས་ཞིག་ཏུ་གྱུར་ཡོད།
ཁྱིམ་མཚེས་དབར་ལྟ་སྐྱོང་དང་རིག་གནས་མཉམ་འདྲེས་ཀྱི་བྱ་བ་ཆུང་ཙག་དག་གིས་བརྒྱད་གཅིག་སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་པོ་བཏིང་ཡོད། སྡེ་ཁུལ་གྱིས“བསྒར་བརྒྱན་རྣམ་པའི”སྡོད་གནས་རྣམ་པ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་མི་རིགས་ཁག་འཚོ་བའི་ཐད་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་བརྩེ་དུང་ཐད་ཕན་ཚུན་ཉེ་བཅར་བྱེད་པར་ལྕག་སྐུལ་བྱས་པ་དང་། བདེ་འཇགས་ཞབས་ཞུའི་རུ་ཁག་ནི་ལས་འཁྱུར་རྒན་ཡོལ་ཞུས་པའི་ཏང་ཡོན་རྒན་གྲས་ཀྱིས་རང་འགུལ་ངང་བཙུགས་པ་དང་། “རྒན་གཅིག་གཞོན་གཅིག”གི་དམངས་འཚོའི་ཞབས་ཞུ་གནད་སྨིན་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་དེ་འགལ་བ་འདུམ་འགྲིག་དང་། རིག་གནས་བྱེད་སྒོ་རེ་རེ། དམངས་ཕན་ཞབས་ཞུ་རེ་རེ་བཅས་ཀྱི་ནང་མངོན་མེད་དུ་སིམ་བཞིན་ཡོད། (རིག་རྡོར་གྱིས་བསྒྱུར། དཔའ་མོ་དང་རིག་རྡོར་གྱིས་ཞུས)