འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པ་ཁག་བཅུ་གཉིས་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པའི་ནང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་བདེ་བླག་ངང་ཚུད་ཡོད་པ་ལས། ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་སླར་ཡང་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་ཐོབ་པ་མཚོན་གྱི་ཡོད།
གདོང་དཀར་ཁྲོམ་གཞུང་ནི་གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་མཐུད་བྱེད་པའི་འགག་གནད་གལ་ཆེན་ཞིག་ཡིན་པ་དང་། དེར་རྒྱ་རིགས་དང་། བོད་རིགས། ཧུད་རིགས། དབྱིས་རིགས་སོགས་མི་རིགས་24ཡི་མི་གྲངས་ཁྲི་7.4ལྷག་ཙམ་འདུས་ཡོད། ཉེ་བའི་ལོ་ཤས་རིང་། གདོང་དཀར་ཁྲོམ་གཞུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ། མི་རིགས་མཐུན་སྒྲིལ་དེ་གཞི་རིམ་བཅོས་སྐྱོང་དང་། དམངས་འཚོར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་གཏིང་ཟབ་བྱས་ནས། ཏང་འཛུགས་སྐྱོང་གི་སྤུས་རྟགས་དང“ཚོན་མདོག་སྣ་བདུན་གྱི་སྡེ་ཁུལ”བཏོད་པ་མ་ཟད། མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱ་ཡུལ་བསྐྲུན་ཐོག སྲོལ་རྒྱུན་གྱི་དུས་ཆེན་དང་ཟུང་འབྲེལ་གྱིས་རིག་གནས་སྤེལ་རེས་བྱེད་སྒོ་ཐེངས་200ལྷག་ཙམ་སྤེལ་བས། མི་རིགས་ཁག་སྤེལ་རེས་རྒྱ་ཁྱབ་དང་། ཕྱོགས་ཡོངས། གཏིང་ཟབ་བཅས་ཡོང་བར་སྐུལ་མ་ཐེབས་ཡོད།
གདོང་དཀར་ཁྲོམ་གཞུང་གི་འབྲེལ་ཡོད་འགན་འཁུར་བས། སླད་ཕྱིན་ད་རེས་ཀྱི་དཔྱད་འདེམས་ནང་ཚུད་པ་འགོ་འཛུགས་ས་གསར་པར་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་སྒྲུབ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྟག་ཏུ་བཞད་ཐུབ་པར་བྱེད་ཀྱི་ཡིན་ཞེས་བཤད།