འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དངུལ་དཔར་གྲོང་ཚོའི་དགུང་གཞོན་སྡེ་ཚོགས་ཀྱི་ཀྲི་པུའུ་དང་གྲོང་སྡོད་ལས་དོན་རུ་ཁག་གིས་བོད་ལྗོངས་སཱཙྪའི་རིག་གནས་འགྲེམས་སྟོན་ཁང་དང་མཉམ་དུ་དངུལ་དཔར་གྲོང་ཚོའི་སློབ་རོགས་ས་ཚིགས་ཀྱི་སྤྱི་ཕན་ཚབ་གཉེར་འཛིན་གྲྭའི་སློབ་མ་སྒྲིག་འཛུགས་བྱས་ཏེ“མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱས་ནས་མཐུན་སྒྲིལ་མཉམ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་དབྱིངས་ཞུགས་རྣམ་པའི་ཞིབ་སློབ་བྱེད་སྒོ་སྤེལ་བ་རེད།
བོད་ལྗོངས་སཱཙྪའི་རིག་གནས་འགྲེམས་སྟོན་ཁང་དུ་གཙོ་ཁྲིད་པས་ལོ་རྒྱུས་ཀྱི་འབྱུང་ཁུངས་དང་། བཟོ་རྩལ། རིག་གནས་ཀྱི་ནང་དོན། དེ་བཞིན་རྒྱུན་འཛིན་གྱི་རིན་ཐང་སོགས་ཐད་ནས་གོ་བདེ་ཤེས་སླའི་ངང་ཐུན་མིན་གྱི་མངོན་མིན་རིག་གནས་ཤུལ་བཞག“སཱཙྪའི”ཡིད་དབང་འཕྲོག་ཤུགས་གསལ་འགྲེལ་བརྒྱབ་ཡོད།
དེ་རྗེས་དགེ་སློབ་ཚོས་འགྲེམས་སྟོན་ཁང་གི་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་འགྲེམས་ཁང་དུ་བསྐྱོད་ཅིང་། གཙོ་ཁྲིད་པས་བོད་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་འཕེལ་རྒྱུན་དང་ཟུང་འབྲེལ་བྱས་ནས་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་དེ་བརྒྱུད་རིམ་ལྡན་པའི་ངང་བརྗོད་པ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་གསོན་ཉམས་དོད་པོས་བརྗོད་པ་རེད།