2025ལོར། ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱིས་དངོས་སྒྲུབ་ལ་བརྟེན་ནས་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་ངོ་མཚར་ལེའུ་བརྩམས་པ་སྟེ། ཚན་པ་5ཡིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་དཔེ་སྟོན་ཚན་པ་ཁག་བཅུ་གཉིས་པ་གྲུབ་འབྲས་ཐོབ་པའི་ངང་འཛུཌ་གཏོད་བྱས་ནས་ལྗོངས་ཡོངས་ཀྱི་འཛུགས་གཏོད་བསྡོམས་འབོར་གྱི་བསྡུར་ཚད་མཐོ་ཤོས་བཟུང་ཡོད། ལྷ་ས་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་ལ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི“སྐབས་ལྔ་པའི་རྒྱལ་ཡོངས་མི་རིགས་ལས་དོན་ཨུ་ལྷན་ཁོངས་གཏོགས་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་ནས་ལྗོངས་ཡོངས་ཀྱི་གཟི་བརྗིད་མཚན་སྙན་དེ་ཐོབ་མཁན་ཚན་པ་འབའ་ཞིག་ཏུ་གྱུར་ཡོད། ལྗིད་ཏིག་ཏིག་གི་གཟི་བརྗིད་མཚན་སྙན་དེ་དག་ནི་ལྷ་ས་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲོད“སྣེ་ཁྲིད་དམག”གི་ནུས་པ་བཏོན་ཡོད་པས་རེད།
མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་བཏང་བ།
བསམ་བློ་ནི་བྱ་སྤྱོད་ཀྱི་སྔོན་འགྲོ་དང་རྩ་འཛུགས་ཀྱི་འགོ་ཁྲིད་སྟོབས་ཆེན་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“རྩ་བ”དང“བླ་སྲོག”ལྟ་བུ་ཡིན།
ལྷ་ས་གྲོང་ཁྱེར་གྱིས“ཁུལ་གསུམ་དང་མཐོ་ས་གཅིག”འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་འགོ་ཁྲིད་ཚོགས་ཆུང་གི་སྤྱི་འདོམས་འོག གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པས་སྣེ་ཁྲིད་པའི“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གྱི་ཆེད་དོན་ཚོགས་ཆུང”བཙུགས་པ་དང་ཁོངས་མིའི་ཚན་པ་49ཡིས་མཉམ་དུ་འབད་འཐབ་བྱས་ཡོད། དེ་བས་གལ་འགངས་ཆེ་བ་ཞིག་ནི། འཛུགས་གཏོད་ལས་དོན་དེ་ཏང་འཛུགས་སྐྱོང་དང་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་དང་དེ་བཞིན་སྐོར་ཞིབ་ཀྱི་ཁྱབ་ཁོངས་ནང་བཅུག་པ་མ་ཟད། འགན་འཁྲི་ནན་དུ་བཏང་ནས་ལས་དོན་ཚང་མ་གཙོ་རྐང་ལ་དམིགས་པ་དང་གཙོ་རྐང་ལ་ཞབས་འདེགས་ཞུ་ཐུབ་པ་བྱས་ཡོད། རྩེ་རིམ་ཇུས་འགོད་ནས་གཞི་རིམ་དུ་དོན་འཁྱོལ་བྱེད་པའི་བར། ལྷ་ས་གྲོང་ཁྱེར་གྱིས་ལམ་ལུགས་ཅན་གྱི་འགན་ལེན་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་བཏང་ཡོད།
སེམས་མཐུན་ངང་ཕུགས་འདུན་དོན་གཉེར་བྱས་པ།
2025ལོར། ལྷ་སའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་དེ་དོན་དངོས་སུ་གྱུར་ཡོད། མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་སྤྱི་གླིང་2ནས་སེ་འབྲུའི་སྲང་ལམ་2བར་དང་། ཚོང་ལས་ཁུལ་ཆེན་པོ་གཉིས་ཀྱི་དྲིལ་བསྒྲགས་འཐབ་ས་ནས་ལག་ཐོགས་ཁ་པར་ནང་ཤ་ཚའི་དྲན་སྐུལ་གྱི་འཕྲིན་ཐུང་ཁྲི་1300ལྷག་ཙམ་འབྱོར་བའི་བར། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་ཕྱོགས་བསྡུས་ཅན་གྱི་དྲིལ་བསྒྲགས་དྲ་བ་ཞིག་གྲུབ་ནས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད།
ལྷ་ས་གྲོང་ཁྱེར་གྱིས《318མི་རིགས་མཐུན་སྒྲིལ་ཡར་ཐོན་མནའ་འབྲེལ་གྱི་གྲོས་མཐུན》མུ་མཐུད་ལག་ལེན་བསྟར་ནས་ལེ་དབར་ཁྲི་སྟོང་གིས་ཆོད་པའི་གཡག་རྔར་ཧྥུལ་ཉུང་བདེ་ཐང་ཇ་ལོའི་གསོ་སྦྱོང་འཛིན་གྲྭ་གཉེར་ཏེ་ཇ་ཏུན་353.49མང་ཚོགས་ཁྲི་7ལྷག་ཙམ་ལ་སྤྲད་ཡོད། གཞན་ཡང་ཁུན་མིང་དང་ལིའུ་ཀྲོའུ་སོགས་གྲོང་ཁྱེར(ཀྲོའུ་དང་མོང)8དང་ཁོངས་བརྒལ་མཉམ་ལས་གྲོས་མཐུན་བཞག་ནས་མི་རིགས་མཐུན་སྒྲིལ་གྱི“གྲོགས་ཚོགས”ཟམ་མི་ཆད་པར་རྒྱ་ཆེར་བཏང་སྟེ་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གོམ་སྟབས་བརྟན་པོ་སྤོས་ཡོད། དེ་བས་མི་སེམས་འགུལ་བ་ཞིག་ལ། “སེ་འབྲུའི་རྡོག་པོ་ཆུང་ཆུང་ལས་ཀྲུང་ཧྭའི་བརྩེ་སེམས་ལྷག་པར་མངོན”ཞེས་པའི་ལྟ་སྐོར་ཚོགས་པ་ཁག་གསུམ་པ་དང་ཁག་བཞི་པ་ས་མཐོ་ནས་ཐོན་ཞིང་། མི་རིགས་ཁག་གི་ཕུལ་བྱུང་འཐུས་མི་60ཡུན་ནན་དང་། ཀོང་ཤིས། ཅང་སུའུ། ཀྲེ་ཅང་བཅས་སུ་བསྐྱོད་དེ། ཕན་ཚུན་སྤེལ་རེས་ཁྲོད་རྒྱལ་ཁབ་དང་ཁྱིམ་ཚང་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས་ཡོད།
ཐུན་མོང་ཁྱིམ་གཞིས་ཀྱི“བསམ་པའི་བླ་སྲོག”སྲུང་བ།
རིག་གནས་ཀྱི་མོས་སེམས་ནི་ཆེས་གཏིང་ཟབ་པའི་མོས་སེམས་ཤིག་རེད། ལྷ་སར་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་པའི་ལག་ལེན་ལ་དྲོ་སྐྱིད་ལྡན་ལ་བཀྲགས་མདངས་འཚེར་ས་ཡང་ཡོད། བདེ་གསལ་སྒོ་ར་ཆེན་པོ་དང་བརྒྱད་གཅིག་སྡེ་ཁུལ་དུ“ང་ཚོའི་དུས་ཆེན”ཞེས་པའི་བྱེད་སྒོ་དག་འཁྲུག་ཆ་དོད་ཅིང་། ཁྱིམ་ཚང་བརྒྱའི་གསོལ་སྟོན་གྱི་དྲི་ཞིམ་དང་རིག་གནས་གྱང་གི་ཚོས་མདོག་མཉམ་དུ་འདྲེས་་པ་ལས་གྲོང་པ་ཁྱིམ་མཚེས་དབར་གྱི་བརྩེ་བ་ཟབ་མོ་གསལ་ལེར་མངོན། གྲོང་ཁྱེར་རིམ་པའི་སྒར་རེས་རྣམ་པའི་སྡེ་ཁུལ(གྲོང་ཚོ)13གྱིས་འཚོལ་ཞིབ་བྱས་པ་བརྒྱུད། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་གྲོང་མི་རྣམས་མཉམ་སྡོད་མཉམ་སྦྱོང་དང་མཉམ་ལས་མཉམ་སྤྲོ་བྱེད་པའི་ཁྲོད་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་ངང་གིས་ཚོར།
ལོ་འདིར་བསམ་པའི་ཁྱིམ་གཞིས་ཀྱི་གཞི་རྟེན་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ་སྟེ། གསར་རྩོམ་བྱས་པའི“ལྷ་སའི་མཐུན་སྒྲིལ་གླུ་དབྱངས”10ཁྲོམ་གཞུང་ཆེ་ཆུང་གང་སར་བརྒྱུད་གཏོང་བྱས་པ་དང་། 《ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས། ལྷ་སའི་གཏམ་རྒྱུད》སོགས་ཀྱི་རིག་རྩལ་བརྩམས་ཆོས་ནང་དུས་རབས་ཀྱི་རྐང་རྗེས་དང་སྒྲ་དབྱངས་བཀོད་ཡོད་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་གཙོ་བོའི་འགྲེམས་ཁང་གི་སྒོ་མོ་ཕྱེ་བ་དེས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་ལ་གཡུལ་ས་གསར་པ་ཞིག་ཀྱང་མཁོ་འདོན་བྱས་ཡོད།