ཐོ་རེངས་སུ་འཕན་ཡུལ་གྱི་ས་གཞི་ཆེན་པོ་ནས་ཞིང་ཐང་སྟེང་ས་སློག་བརྒྱབ་པའི་དྲི་ཞིམ་ལམ་ལམ་དུ་འཐུལ་བ་དང་། དཔྱིད་རླུང་དལ་བུར་ལྡང་བ་དང་བསྟུན་ནས་ཞིང་ནང་དང་མུ་ཁར་བྲེལ་འཚུབ་ཆེ་བའི་རྣམ་པ་ཞིག་ངང་གིས་མཐོང་རྒྱུ་ཡོད། ལོ་མང་རྒྱུན་མཐུད་པའི“རྨོན་མཛོ་དོར་སྦྲེལ”གྱི་སྲོལ་རྒྱུན་གཉའ་གཅོག་མཛད་སྒོ་ལས་ས་གནས་དེ་གའི་མང་ཚོགས་ཀྱིས་ས་གཞིར་གུས་སྐྲག་བྱེད་པ་དང་ལོ་ལེགས་ལ་རེ་སྒུག་བྱེད་པ་མཚོན་པ་མ་ཟད། ཆོ་ག་ཟབ་པའི་དམངས་སྲོལ་གནའ་ཉམས་ལྡན་ལ། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་སོ་ནམ་རིག་གནས་དེ་དཔྱིད་དཔལ་རབ་ཏུ་བཞད་པའི་ས་མཐོར་ཚ་ཚ་འུར་འུར་ངང་སྤེལ་བཞིན་མཆིས། ཉེ་བའི་ལོ་ཤས་རིང་། ལྷན་གྲུབ་རྫོང་གིས“ཞིང་རྟེན་འབྲུ་གསོག་དང་རྩལ་རྟེན་འབྲུ་གསོག” གི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ཏེ། གཞི་ཁྱོན་ཅན་གྱི་འདེབས་འཛུགས་དང་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས། རྫོང་དེ་ཡོངས་ཀྱི་ཞིང་ལས་ཕྱོགས་བསྡུས་འཕྲུལ་ཆས་ཅན་སྤྱོད་ཚད་93%ལྷག་ཙམ་ཟིན་པ་དང་། མི་ཐབས་ལ་བརྟེན་ནས་ཞིང་ཁ་འདེབས་པ་ནས་འཕྲུལ་ཆས་ལས་སྒྲུབ་བྱེད་པའི་བར་དང་། དོ་དམ་རགས་ལས་ནས་བདག་སྲུང་ཞིབ་ཚགས་བར་ས་མཐོའི་སྲོལ་རྒྱུན་ཞིང་ལས་དེ་ཚན་རྩལ་ལྡན་པ་དང་། ལས་ཕྱོད་ཆེ་བ། ཚད་དང་ལྡན་པ་བཅས་ཀྱི་ཕྱོགས་སུ་གོམ་སྟབས་བརྟན་པོ་སྤོས་ཡོད།
དཔྱིད་རྨོད་བརྒྱབ་པའི་ཞིང་ས་གཤིན་པོའི་སྟེང་འབྲུ་འདེབས་དུད་ཚང་ཆེན་པོ་དག་ནི་ངོ་གནོང་མི་དགོས་པའི་གཙོ་ཤུགས་དམག་ཅིག་རེད། ལོ་48ལ་སླེབས་པའི་བསྟན་འཛིན་བསོད་ནམས་ནི་སྒང་པ་གྲོང་ཚོར་སྐད་གྲགས་ཅུང་ཆོད་པའི་འབྲུ་རིགས་འདེབས་མཁན་དང་འཚོང་མཁན་ཞིག་ཡིན་པ་དང་། ཁྱིམ་གྱི་རྨོ་ཞིང་མུའུ་35དེ་དག་ནི་ཁོང་ཚོ་ནང་མི་ཡོངས་ཀྱི་རེ་བ་ཡིན་ལ། བསྟན་འཛིན་བསོད་ནམས་ཀྱིས་འབྲུ་རིགས་ཐོན་སྐྱེད་བྱེད་སའི་གཡུལ་ས་ཞིག་ཀྱང་རེད། ད་ལོ་བསྟན་འཛིན་བསོད་ནམས་ཀྱིས་སྔར་རྒྱུན་བཞིན་ནས་དང་གྲོ་རེས་མོས་ཀྱིས་བཏབ་སྟེ། ས་ཞིང་མུའུ་30ལ་ནས་དང་མུའུ་5ལ་གྲོ་བཏབ་པ་དང་། ཚན་རིག་དང་མཐུན་པའི་རེས་མོས་འདེབས་སྟངས་ལ་བརྟེན་ནས་ས་བཅུད་ལ་སྲུང་སྐྱོང་བྱས་ཡོད། ཚན་རིག་དང་མཐུན་པའི་འདེབས་འཛུགས་དང་ཚད་ལྡན་དོ་དམ་ལ་བརྟེན་པས། བསྟན་འཛིན་བསོད་ནམས་ལ་ཐོན་བརྟན་འབབ་འཕར་མངོན་འགྱུར་བྱུང་བ་མ་ཟད། མཐའ་འཁོར་མང་ཚོགས་ཀྱིས་སློབ་སྦྱོང་བྱེད་སའི་མིག་དཔེར་གྱུར་ནས་ཡུལ་མི་དེ་བས་མང་བ་ཞིང་སར་རྩ་བ་ཚུགས་པ་དང་འབྲུ་རིགས་འདེབས་འཛུགས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་སྐྱོད་པར་སྐུལ་ཁྲིད་ཀྱང་བྱས་ཡོད།
ཞིང་ནང་དུ་འཁྲུག་ཆ་དོད་པའི་དཔྱིད་རྨོད་ཀྱི་རྣམ་པ་དེས་ཐག་རིང་ནས་ཡོང་བའི་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད་ཅིང་། སུའུ་ཀྲོའུ་ནས་ཡོང་བའི་མཁྱེན་ལྡན་མ་ཧྲའོ་ལགས་ཀྱིས“ས་མཐོའི་གཉའ་གཅོག་མཛད་སྒོར་ལྟ་ཐེངས་དང་པོ་ཡིན། རྣམ་པ་འཁྲུག་ཆ་དོད་པོ་འདུག་ལ། ས་གནས་འདི་གའི་མི་རྣམས་ཀྱིས་ས་ཞིང་ལ་དགའ་ཞེན་ཆེན་པོ་བྱེད་ལུགས་མྱོང་ཚོར་ཟབ་མོ་བྱུང”ཞེས་ཚོར་སྣང་ཟབ་མོས་བརྗོད།
ས་མཐོའི་གང་སར་དཔྱིད་ཀྱི་དཔལ་ཡོན་བཞད། ཞིང་ས་གཤིན་པོར་ལོ་ལེགས་ཡོང་བར་སྨོན། མི་ཆོས་རིག་གནས་ཀྱི་བརྩེ་སེམས་ཟབ་མོ་དང་འབད་འཐབ་ཀྱི་སྟོབས་ཤུགས་ཀྱིས་ཁེངས་པའི་ས་གཞི་འདིར་མི་རིགས་ཁག་གི་མང་ཚོགས་ཀྱིས་རང་གི་ལག་གཉིས་ལ་བརྟེན་ནས་འབད་བརྩོན་ལྷོད་མེད་བྱས་ཏེ། སྟོན་གྱི་དུས་སུ་ལོ་ལེགས་ཡོང་བར་རེ་སྨོན་བྱེད་པའི་རྣམ་པ་དེ་ལྷ་སའི་མི་སེམས་འགུལ་ཤོས་དང་དྲོ་སྐྱིད་ལྡན་ཤོས་ཀྱི་རྣམ་པ་ཞིག་ཏུ་གྱུར་ཡོད།
(ཉི་དོན་དང་ཟླ་བ་ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)