《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月01日

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

● ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་དོན་དངོས་དང་ཟུང་འབྲེལ་གྱིས་ས་མཐོའི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་སུ་བཏང་སྟེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཐུབ་པ་བྱེད་དགོས།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་30ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་ནན་ཏན་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་2025ལོའི་ལས་ཀའི་ཕྱོགས་སྡོམ་དང་2026ལོའི་ལས་ཀའི་གཙོ་གནད། དེ་བཞིན་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གཙོ་གནད་ལས་འགན་ཁག་བགོས་སོགས་ཀྱི་གནས་ཚུལ་སྙན་སེང་གསན་པ་རེད།

ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་ཁ་གསལ་བཏོན་གནང་བས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁ་གསལ་བྱུང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་འབད་འབུངས་ཡར་བརྩོན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་ལྕག་གནང་ཡོད། 2025ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་པ་དང་།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ནས་གསུང་བཤད་གལ་ཆེན་གནང་སྐབས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཐད་བླང་བྱ་ཁ་གསལ་བཏོན་གནང་སྟེ། ང་ཚོས་ལས་དོན་ཁག་ཡག་པོ་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་ཡག་པོ་སྒྲུབ་པར་གཙོ་གནད་ལས་འགན་འབུར་དུ་ཐོན་པ་དང་འགན་འཁྲི་འཁུར་སེམས་དང་འོས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས། ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་ཧུར་ཐག་གཏོང་བ་དང་། རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། “རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པར་ངེས་པར་དུ་རྣམ་གྲངས་ལ་དམ་འཛིན་བྱེད་པའི”བསམ་བློ་བརྟན་པོར་འཛུགས་པ། རྣམ་གྲངས་གལ་ཆེན་གྲབས་གསོག་དང་རྒྱུ་རྐྱེན་གཙོ་བོར་འགན་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རྨང་གཞི་ཡག་པོ་འདིང་བ་དང་། ཕུགས་ལ་ཕན་པ། རྩ་བར་དོ་དམ་བཅས་ཀྱི་རྣམ་གྲངས་ཡག་པོ་དང་གལ་ཆེན་འཆར་འགོད་ཡག་པོ་བྱེད་པ། རྣམ་གྲངས་གལ་ཆེན་ལ་འགན་འཁྲི་གཙང་ལེན་གྱི་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱེད་པ། རྣམ་གྲངས་ལས་འགོ་འཛུགས་ཚད་མགྱོགས་སུ་གཏོང་བ། འཛད་སྤྱོད་ལ་ལྕག་སྐུལ་བྱེད་པའི་ཆེད་དོན་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། སྤུས་ལེགས་འཛད་སྤྱོད་དངོས་རྫས་དང་ཞབས་ཞུ་མཁོ་སྤྲོད་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ས་མཐོའི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱེད་པ་དང་། བོད་ཀྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་པ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་གཙོ་གནད་ཐོག་འཕེལ་རྒྱས་གཏོང་བ། རང་ངོས་ཀྱི་ཁྱད་ཆོས་ལྡན་པའི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཞིང་ལས་དང་གྲོང་གསེབ་ཀྱི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་པ། “ཁྱད་ལྡན”དང“ལེགས་ཆའི”ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོར་གཏོང་དང་སྤུས་རྟགས་གཏོད་པར་ཤུགས་སྣོན་རྒྱག་པ། སྣེ་འདྲེན་སྟོབས་ཆེར་གཏོང་བ་དང་། འཁོར་འབྲེལ་གསབ་པ། ལས་རྣམ་དར་བ། སྤུས་རྟགས་གཏོད་པ་བཅས་བྱས་ཏེ་དེ་བས་ལེགས་པའི་སྒོ་ནས་ཐོན་ཁུངས་ཀྱི་ལེགས་ཆ་དང་ཁུལ་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱེད་དགོས། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་སྲོལ་རྒྱུན་ཐོན་ལས་ཀྱི་ཞན་ཆ་སེལ་བ་དང་གསར་དར་ཐོན་ལས་སྐྱེད་སྲིང་གི་གོ་སྐབས་ལ་རང་འགུལ་ངང་སྟངས་འཛིན་ཧུར་ཐག་བྱས་ཏེ“ཐོན་ལས་ཆེན་པོ་དགུ”འཕེལ་རྒྱས་དང་སྟོབས་ཆེར་ཧུར་ཐག་གཏོང་བ་དང་། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཐོན་ཁུངས་ལས་སྣོན་ལས་རིགས་རྒྱུན་མཐུད་འཕེལ་རྒྱས་གཏོང་བ། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མགྱོགས་སུ་གཏོང་བ། རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་གཏིང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གཏིང་ཟབ་པའི་སྒྱུར་བཅོས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། རང་རྟོགས་ངང་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཁྲོད་དུ་བཞག་ནས་བསམ་གཞིག་དང་འཆར་འགོད་བྱ་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་སྦྲེལ་མཐུད་གཏིང་ཟབ་བྱེད་པ། དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བ་སོགས་ཀྱི་གོ་སྐབས་གལ་ཆེན་ལ་དམ་འཛིན་བྱེད་པ། མཐའ་འཁོར་གྱི་ཞིང་ཆེན་དང་གྲོང་ཁྱེར་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཅས་དང་སྤེལ་རེས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་ལ་དམིགས་ཏེ་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་དང་ནོར་ཁྲལ་དངུལ་རྩ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་བཀོད་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་འགྲོ་རྒྱུར་ཤུགས་སྣོན་རྒྱག་དགོས། དངོས་ཐོག་མ་འཇོག་དང་མི་ཐོག་མ་འཇོག་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་དང་། “མི་འབོར་དང་། མི་སེམས། ཤེས་ལྡན་པ”བཅས་ཀྱི་ལས་དོན་རྒྱུན་མཐུད་ངང་ཡག་པོ་སྒྲུབ་པ། བརྩེ་སེམས་ཟབ་མོས་དམངས་འཚོའི་ལས་དོན་ཡག་པོ་སྒྲུབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འབབ་འཕར་འཆར་གཞི་ལག་བསྟར་མགྱོགས་མྱུར་བྱེད་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བས་དེ་བས་དྲང་གཞག་ངང་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པ་བཅས་བྱས་ནས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྗང་མདོག་ཕྱོགས་སྒྱུར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དོན་འཁྱོལ་ནན་པོ་བྱེད་པ། སྐྱེ་ཁམས་ཐོན་ལས་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས་གཏོང་བ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་རྒྱས། མི་སེར་ཕྱུག་འགྱུར་བཅས་གཅིག་གྱུར་ནུས་ལྡན་ཡོང་བ་བྱེད་དགོས། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཁྲིམས་ལྟར་ཆོས་ལུགས་ལས་དོན་བཅོས་སྐྱོང་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་གཏོང་བ། བུ་ལོན་སེལ་བའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་མཐུན་སྒྲིལ་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་རྣམ་པ་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ལས་དོན་ཁག་གི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་རྟོགས་ངང་ཆབ་སྲིད་ཀྱི་ཞུན་བརྡར་དང་། ལག་ལེན་གྱི་སྦྱོང་བརྡར། ཆེད་ལས་ཀྱི་སྦྱོང་བརྡར་བཅས་ལ་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ནས་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། དཔལ་འབྱོར་གྱི་ཤེས་བྱ་སློབ་སྦྱོང་དང་དཔལ་འབྱོར་ལས་དོན་ལ་དམ་འཛིན་བྱེད་མཁས་པོ་བྱེད་པ། དུས་བབ་གསར་པའི་འོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་མཁས་པོ་ཞིག་ཏུ་ཧུར་ཐག་འགྱུར་བ་བྱེད་པ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ཧུར་ཐག་སྒྲུབ་པ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།

(པ་སངས་དང་ཚེ་ཁོས་སྒྱུར་ཞུས་བྱས)