《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月01日

རི་ཀླུང་དང་ས་གཞི་ཆེན་པོར་སྔོ་ལྗང་རབ་ཏུ་བསྣན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བཀྲག་མདངས་དེ་བས་འཚེར་བར་བྱེད་དགོས།

ཟླ་3ཚེས་30ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་སོགས་པེ་ཅིང་གྲོང་ཁྱེར་ཁྲང་ཕིང་ཆུས་པའེ་ཧྲན་གྲོང་རྡལ་དུ་ཕེབས་ཏེ་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཚང་མ་དང་ལྷན་དུ་ལྗོན་ཤིང་འཛུགས་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་ནན་བཤད་གནང་དོན། སྐྱེ་ཁམས་བཟང་པོ་མི་ཚང་མས་མཉམ་སྤྱོད་བྱེད་པ་དང་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་མཉམ་སྐྲུན་ཡང་བྱེད་དགོས། སྤྱི་ཚོགས་ཡོངས་ཤིང་འཛུགས་ནགས་བཟོའི་ནང་རྒྱ་ཁྱབ་ངང་ཞུགས་པར་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་རི་ཀླུང་དང་ས་གཞི་ཆེན་པོར་སྔོ་ལྗང་རབ་ཏུ་བསྣན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བཀྲག་མདངས་དེ་བས་འཚེར་བར་བྱེད་དགོས།

རྒྱལ་ས་པེ་ཅིང་དུ་དཔྱིད་རླུང་དལ་བུར་ལྡང་ནས་སྐྱེ་དངོས་ཐམས་ཅད་མྱུ་གུ་འབུས་འགོ་ཚུགས་ཤིང་། སྔ་དྲོའི་ཆུ་ཚོད་10དང་སྐར་མ་40ཙམ་ལ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་སོགས་རླངས་འཁོར་ལ་བཞུགས་ནས་ཁྲང་ཕིང་ཆུས་པའེ་ཧྲན་གྲོང་རྡལ་དུ་ཕེབས་ཏེ། ལས་བྱེད་པ་དང་མང་ཚོགས་དང་ལྷན་དུ་འོས་འགན་ཤིང་འཛུགས་ནང་ཞུགས་པ་རེད།

ལྗོན་ཤིང་འཛུགས་ས་ནི་སྤྱི་གླིང་འཆར་འགོད་བྱས་པའི་ས་ཆར་ཡིན་པ་དང་། སྤྱི་གླིང་བསྐྲུན་རྗེས་མང་ཚོགས་ལ་སྐྱེ་ཁམས་སྤྲོ་གསེང་གི་བར་མཐོངས་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་ལྗོན་ཤིང་འཛུགས་བཞིན་པའི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྲོ་སེམས་འཁོལ་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་བ་དང་སྦྲགས། སྦྱག་མ་བསྣམས་ནས་ལྗོན་ཤིང་འཛུགས་སར་ཕེབས་ཏེ་པེ་ཅིང་གྲོང་ཁྱེར་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འགན་འཁུར་བློ་མཐུན་དང་དེ་བཞིན་ལས་བྱེད་པ་དང་། མང་ཚོགས། ལོ་ཆུང་གདོང་ལེན་རུ་མི་བཅས་དང་ལྷན་དུ་ངལ་རྩོལ་ནང་ཞུགས་པ་རེད།

ཞི་ཅིན་ཕིང་གིས་ཐང་ཤིང་དང་། པེ་ཅིང་གི་ཤིང་པད་མ། ཟིང་སྐྱ་མེ་ཏོག སྤྱིན་ཤིང་སོགས་སྡོང་ཕྲུག་མང་པོ་བསྟུད་མར་བཏབ་གནང་བ་རེད། ཞི་ཅིན་ཕིང་གིས་ལྗོན་ཤིང་འཛུགས་ཀྱིན་ཕྲུ་གུ་ཚོར་སློབ་སྦྱོང་འཚོ་བ་དང་ངལ་རྩོལ་སྦྱོང་བརྡར་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་ཞིང་། ཁོང་གིས་གཞོན་ནུ་ལོ་ཆུང་ཚོ་ནི་སྡོང་ཕྲུག་ཆུང་ཆུང་དང་འདྲ་བར་གསོན་ཤུགས་དང་རེ་བས་ཁེངས་ཡོད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

སྡོང་ཕྲུག་ཆུང་ཆུང་གིས་ཕུགས་འདུན་ཆེན་པོ་གཏོད་པ་བཞིན་ཤེས་བྱར་དགའ་ཞེན་དང་། ངལ་རྩོལ་ལ་དགའ་ཞེན། རང་བྱུང་ཁམས་ལ་དགའ་ཞེན་བཅས་བྱས་ནས། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་བྱས་ཏེ་རྐང་འཛིན་མི་སྣར་འཚར་ལོངས་བྱེད་དགོས་པའི་ནན་བཤད་གནང་བ་རེད། ལྗོང་ཤིང་འཛུགས་སར་ཚ་ཚ་འུར་འུར་གྱི་ངལ་རྩོལ་གྱི་རྣམ་པས་ཁེངས་ཡོད་པ་རེད།

ཞི་ཅིན་ཕིང་གིས་དེ་གར་ཡོད་པའི་ལས་བྱེད་པ་དང་མང་ཚོགས་དང་བྱམས་བརྩེའི་བཀའ་མོལ་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་ནགས་ཚལ་རྒྱ་ཁྱོན་དང་གསོག་ཚད་རྒྱུན་མཐུད་ངང་འཕར་བ་དང་ཐང་རྒོད་ཅན་དང་བྱེ་འགྱུར་གྱི་ས་ཆའི་རྒྱ་ཁྱོན་རྒྱུན་མཐུད་ངང་ཆུང་དུ་ཕྱིན་ནས་གོ་ལ་ཧྲིལ་པོའི་སྔོ་ལྗང་འཕར་ཚད་མང་ཤོས་དང་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ནམ་མཁའ་གཡའ་དག་པ་དང་། ས་གཞི་རྡུལ་དག་པ། ཆུ་མོ་དྭངས་ཤིང་གཙང་བ་བཅས་རྒྱུན་གཏན་གྱི་རྣམ་པར་གྱུར་ཡོད། མི་རིང་བའི་གོང་། རང་རྒྱལ་གྱིས་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་ཁྱབ་བསྒྲགས་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཁྲིམས་སྐྱོང་གི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད། ཤིང་འཛུགས་ནགས་བཟོ་ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་པས། ལྷ་ཤིང་ཤུག་པ་བྲག་ལ་བཙུགས་པ་ལྟར་མིག་སྔར་གཞི་ཚུགས་པ་དང་། ཕུགས་ལ་དམིགས་པ། མུ་མཐུད་འབད་འཐབ་བཅས་བྱས་ཏེ་རྒྱལ་དམངས་གཉིས་ཕན་གྱི་དོན་ཆེན་འདི་ཏན་ཏིག་ངང་ལེགས་པར་སྒྲུབ་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འདི་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་རེད་ལ། དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ལས་འགུལ་སྤེལ་ནས་ལོ་ངོ་45འཁོར་བའི་ལོའང་རེད། དུས་བབ་གསར་པར་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་གཏོང་བར། སྤུས་ཚད་མཐོར་གཏོང་དང་། ལས་དར། དམངས་ཕན་བཅས་ལ་དེ་བས་སྣང་ཆེན་བྱས་ཏེ། འདེབས་འཛུགས་དང་དོ་དམ་མཉམ་དུ་དམ་འཛིན་དང་། སྐྱེ་ཁམས་དང་ཐོན་ལས་མཉམ་དུ་སྐུལ་འདེད། མི་དང་རང་བྱུང་ཁམས་མཉམ་དུ་གནས་པ་བཅས་ཐུབ་པར་བྱེད་དགོས། སྔོ་འགྱུར་བར་མཐོངས་སྤྱི་འདོམས་བེད་སྤྱོད་བྱས་ཏེ། ས་ཆར་བརྟེན་ནས་སྔོ་འགྱུར་གཏན་འཁེལ་དང་ཆུ་ལ་བརྟེན་ནས་སྔོ་འགྱུར་གཏན་འཁེལ་བྱས་ནས། ཡུལ་བབ་དང་བསྟུན་ཏེ་སྔོ་ལྗང་ནུས་སྐྱེད་ཆེ་རུ་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ཏེ། ཤིང་འཚམ་སར་ཤིང་འདེབས་པ་དང་རྩྭ་འཚམ་སར་རྩྭ་འདེབས་དགོས། ནུས་ཤུགས་དེ་བས་ཆེ་བ་བཏོན་ནས་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཁུལ་དབྱེ་རིགས་དབྱེའི་ངང་ནགས་ཚལ་གྱི་རྒྱུན་མཐུད་ཆོག་པའི་གཉེར་སྐྱོང་བྱེད་པ་དང་ཤུགས་ལྡན་དང་ནུས་ལྡན་ངང་རྩྭ་ཐང་སྲུང་སྐྱོང་སླར་གསོར་སྐུལ་འདེད་བཏང་ནས། ནགས་ཚལ་དང་རྩྭ་ཐང་གི་སྤུས་ཚད་དང་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། མེ་ཟོན་འབུ་འགོག་གི་སྔོ་འགྱུར་གྲུབ་འབྲས་ཡག་པོ་སྲུང་དགོས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་སྤོ་སྒྱུར་ཐབས་ལམ་ཤར་གཏོང་བྱས་ཏེ། ནགས་ཚལ་དང་རྩྭ་ཐང་གི་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས། དཔལ་འབྱོར་གྱི་རིན་ཐང་དང་སྐྱེ་ཁམས་ཀྱི་ཕན་འབྲས་དུས་གཅིག་ཏུ་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་འགྱུར་མཛེས་འགྱུར་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། གོ་སྐབས་འཚོལ་མཁས་པོས་མང་ཚོགས་ཉེ་འགྲམ་གྱི་སྔོ་འགྱུར་ས་ཆ་རྒྱ་ཆེ་རུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་སྔོ་ལྗང་གི་ཐོབ་སྣང་དེ་བས་ཆེ་རུ་གཏོང་དགོས།

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་དོན་ཨུ་ཡོན་སོགས་ཤིང་འཛུགས་བྱེད་སྒོར་ཞུགས་ཡོད་པ་རེད། (ཉི་དོན་དང་ཟླ་བ་ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)