《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月01日

ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཀྲེང་ལི་ཝུན་གྱིས་ཚོགས་པའི་སྣེ་ཁྲིད་དེ་འཚམས་འདྲིར་ཕེབས་རྒྱུར་དགའ་བསུ་དང་གདན་ཞུ་གནང་བ།

ཀྲེང་ལི་ཝུན་གྱིས་ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཚོགས་པའི་སྣེ་ཁྲིད་དེ་སྐམ་ས་ཆེན་པོར་འཚམས་འདྲི་བྱ་རྒྱུ་བྱུང་བར་ཐུགས་རྗེ་ཆེ་ཞུས་པ་དང་དང་ལེན་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན། ཀྲུང་གུང་ཀྲུང་དབྱང་ཐའེ་དབན་ལས་དོན་གཞུང་ལས་ཁང་གིས་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཀྲེང་ལི་ཝུན་གྱིས་འགན་བཞེས་ཚུན་སྐམ་ས་ཆེན་པོར་འཚམས་འདྲིར་ཕེབས་རྒྱུའི་རེ་བ་ཐེངས་མང་བཏོན་ཡོད་ཅེས་བརྗོད་པ་དང་། གོ་གུང་ཏང་གཉིས་ཀྱི་འབྲེལ་བ་དང་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་ཀྲེང་ལི་ཝུན་གྱིས་ཀྲུང་གོ་གོ་མིན་ཏང་གི་འཚམས་འདྲི་ཚོགས་པའི་སྣེ་ཁྲིད་དེ་ཟླ་4ཚེས་7ཉིན་ནས་ཚེས་12ཉིན་བར་ཅང་སུའུ་དང་། ཧྲང་ཧའེ། པེ་ཅིང་བཅས་སུ་ལྟ་སྐོར་དང་འཚམས་འདྲི་གནང་རྒྱུར་དགའ་བསུ་དང་གདན་ཞུ་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཐའེ་དབན་ལས་དོན་གཞུང་ལས་ཁང་གིས་གོ་མིན་ཏང་ཕྱོགས་དང་ཀྲུའུ་ཞི་ཀྲེང་ལི་ཝུན་འཚམས་འདྲིར་ཕེབས་རྒྱུའི་ལས་དོན་ཐད་མཐུན་སྦྱོར་བྱས་ནས་བཀོད་སྒྲིག་འོས་འཚམ་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཤིན་ཧྭ་གསར་འགྱུར་ཁང་ཐའེ་པེ་ནས་ཟླ་3ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན། ཀྲུང་གོ་གོ་མིན་ཏང་ཀྲུའུ་ཞིའི་གཞུང་ལས་ཁང་གིས་ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་ཀྲེང་ལི་ཝུན་གྱིས་ཚོགས་པའི་སྣེ་ཁྲིད་དེ་སྐམ་ས་ཆེན་པོར་འཚམས་འདྲིར་ཕེབས་རྒྱུར་གདན་ཞུ་གནང་བར་ཀྲུའུ་ཞི་ཀྲེང་ལི་ཝུན་གྱིས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། དགའ་སྤྲོའི་ངང་གདན་ཞུ་དང་ལེན་ཡང་གནང་ཡོད། ཏང་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཐའེ་དབན་མཚོ་འགག་ཞི་བདེ་ཡོང་བ་དང་དམངས་འཚོའི་བདེ་རྩ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)