《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月30日

བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་67འཁོར་བར་དྲན་གསོ་ཞུ་བའི་བཞུཌ་མོལ་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་28ཉིན་གནས་ཚུལ་འབྱོར་གསལ། ཚེས་28ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་67འཁོར་བར་དྲན་གསོ་ཞུ་བའི་བཞུཌ་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཧུང་པོས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཞུས་ཀྲི་ཐའོ་དང་། ཡུས་ཡུན་ཀུའེ། གོ་ཆིང་། ཕེང་ཅུན་ཞ་བཅས་ཚོགས་འདུར་ཞུགས་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མངགས་བཅོལ་ལྟར་ལའེ་ཅའོ་ཡིས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲུབ་འབྲས་སྲུང་སྐྱོབ་དང་། བོད་ཀྱི་བརྟན་ལྷིང་དང་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བཅས་ལ་ལེགས་སྐྱེས་ཕུལ་མཁན་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་། ལས་རིགས་ཁག་གི་མི་སྣ། བོད་སྡོད་དཔུང་སྡེའི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་བོད་ལྗོངས་དཔུང་སྡེའི་དཔོན་དམག སྲིད་ཁྲིམས་ཀྱི་ལས་བྱེད་ཉེན་རྟོག་པ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། དུས་ཡུན་རིང་པོའི་ནང་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་ཐུགས་ཁུར་དང་། དགའ་ཞེན། རྒྱབ་སྐྱོར་བཅས་གནང་མཁན་བློ་མཐུན་དང་གྲོགས་པོ་ཚོར་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།

ལའེ་ཅའོ་ཡིས་གསུངས་དོན། དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་རླབས་ཆེ་ཤོས་དང་གཏིང་ཟབ་ཤོས་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཞིག་རེད། ལོ་ངོ་67རིང་དང་། ལྷག་པར་དུ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ནས“འཛུགས་གཏོད་བཞི”འབད་འཐབ་དམིགས་ཚད་དུ་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་བྱས་པས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བདེ་བླག་ངང་འགོ་འཛུགས་ཐུབ་ཡོད།

(རིག་རྡོར་གྱིས་བསྒྱུར། བསོད་ནམས་དཔའ་མོས་ཞུས)