གངས་ལྗོངས་ས་མཐོར་དཔྱིད་དཔལ་རབ་ཏུ་བཞད། ལོ་ངོ་67གོང་གི་དཔྱིད་ཀར་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ལྕགས་སྒྲོག་ལས་ཐར་ནས་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་། ལོ་ངོ་67སོང་རྗེས་མི་དམངས་རང་ཁྱིམ་རང་བདག་གི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་ཡང་རྩེར་འགྱིང་ངེར་གནས།
ལོ་80ལྷག་ཙམ་ལ་སླེབས་པའི་རྒན་ཡོལ་ཞུས་པའི་ལས་བྱེད་པ་བུ་ཚེ་རིང་ལ་དེའི་ཐད་མྱོང་ཚོར་ཟབ་མོ་བྱུང་ཡོད། གཞིས་རྩེའི་འཕེལ་རྒྱས་ལས་དོན་ལ་ཞུགས་མཁན་དང་། བདེན་དཔང་བྱེད་མཁན། ཕན་པ་ཐོབ་མཁན་བཅས་ཡིན་པའི་ཁོང་གིས་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་འགྲིམ་འགྲུལ་གཞུང་ལམ་དྲ་རྒྱ་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པ་དང་། དམངས་འཚོ་འགན་སྲུང་རྒྱུན་མཐུད་ལེགས་སུ་ཕྱིན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ནམ་ཡང་བཞད་པ། མཐའ་མཚམས་ས་ཁུལ་ཞི་མཐུན་བརྟན་ལྷིང་ཡོད་པ་བཅས་གངས་ལྗོངས་ས་མཐོའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ལ་མིག་མཐོང་ལག་ཟིན་བྱུང་ཡོད། “འགྱུར་ལྡོག་དེ་དག་ལས་ང་ལ‘ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ’ནི་འབོད་ཚིག་ཅིག་མིན་པར་ང་ཚོའི་དད་སེམས་བརྟན་ཤོས་ཤིག་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང”ཞེས་བུ་ཚེ་རིང་གིས་བརྗོད་པ་དང་། ཁོང་གིས། རྒན་ཡོལ་ཞུས་ཀྱང་ཐོག་མའི་བསམ་འདུན་བརྗེད་མི་རུང་ལ་འགན་འཁྲི་དོར་མི་རུང་། “ང་ཚོས་ཆབ་སྲིད་ཀྱི་དད་སེམས་བརྟན་དུ་གཏོང་བ་དང་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་བསྲུངས་ནས་ཆབ་སྲིད་ཀྱི་ལེགས་ཆ་དང་། ཉམས་མྱོང་གི་ལེགས་ཆ། དབང་གྲཌ་ཀྱི་ལེགས་ཆ་བཅས་མུ་མཐུད་བཏོན་ཏེ། གཞིས་རྩེའི‘ལྟེ་བའི་གྲོང་ཁྱེར་གཉིས’འཛུཌ་སྐྲུན་ལ་ཐབས་འདོན་ཇུས་འབུལ་བྱེད་པ་དང་། ལྗོངས་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དབུ་དཀར་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས”ཞེས་བརྗོད་པ་རེད།
བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་67འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག ལྷ་ས་སློབ་འབྲིང་གི་མཐོ་འབྲིང་ལོ་རིམ་དང་པོའི་འཛིན་གྲྭ་གཉིས་པའི་སློབ་མའི་འཐུས་མི་བན་དེ་མཚོས“ལོ་ངོ་67གོང་། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མུན་ནག་གི‘དགུན་ཁར’རྫོགས་ཤད་འཐེན་ཞིང་། དུས་དེ་ནས་བཟུང་དྲོ་སྐྱིད་ལྡན་པའི་ཉི་འོད་གངས་ལྗོངས་ས་མཐོར་རབ་ཏུ་འཕྲོས་ཡོད”ཅེས་བརྗོད་པ་དང་། ཁོ་མོས། བོད་རྙིང་པའི་མུན་ནག་གི་ལོ་རྒྱུས་མི་བརྗེད་པར་བོད་ལྗོངས་གསར་པའི་མཛེས་སྡུག་ལྡན་པའི་འཚོ་བར་གཅེས་སྤྲས་བྱས་ནས། དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་དང་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་པ་དང་། རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)
སྙིང་སྟོབས་ཆེར་སྐྱེད་དང་འབད་འབུངས་ཡར་བརྩོན་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་སྣ་གསར་པ་ཞིག་ཏུ་འཚར་ལོངས་ཡོང་བ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
ཟླ་3ཚེས་28ཉིན། ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་23པ་དང་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་གྱི“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཀ་ལ་གྲོང་ཚོའི“ཁམ་བུའི་མེ་ཏོག་ལྡུམ་རའི”མཛེས་ལྗོངས་ཁུལ་དུ་སྤེལ་བ་རེད། ཀ་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་ལོ་96ལ་སླེབས་པའི་ཁོང་གི་ཨ་མ་ལྷག་སྒྲོན་ཁྲིད་དེ་གཟིགས་སྟེགས་ཐོག་མཉམ་དུ་འཁྲབ་སྟོན་ལ་ལྟ་བཞིན་ཡོད་ཅིང་། སྤེན་པས“ངའི་ཨ་མས་ལོ་67གྱི་གོང་དུ་ཚང་མས་ད་དུང་ལྟོ་གོས་ཀྱི་ཆེད་དུ་སེམས་ཁྲལ་བྱེད་ཀྱི་ཡོད། དོ་སྣང་བྱེད་མཁན་མེད་པའི་རི་སྐྱེས་ཁམ་བུའི་མེ་ཏོག་དེ་དག་ད་ཆ་ཚང་མའི‘ཕྱུག་འགྱུར་མེ་ཏོག’ལ་འགྱུར་བ་ཁོང་གི་བསམ་ཡུལ་ལས་འདས་སོང་ཞེས་གསུང་གི་འདུག”ཅེས་བརྗོད།
དྲན་ཤེས་ནང་གི་མུན་ནག་དང་རྗེས་ལུས་ཀྱི་བོད་རྙིང་པ་ནི་མིག་མདུན་གྱི་རྣམ་པ་དང་གཏན་ནས་མི་འདྲ་ཞིང་། གར་སྟེགས་ཐོག་ཡུལ་མི་ཚོས་ཏང་ལ་བསྟོད་གླུ་ལེན་པ་དང་མཛེས་སྡུག་ལྡན་པའི་འཚོ་བར་བསྟོད་གླུ་ལེན་བཞིན་སྤྲོ་སྣང་ལྡན་པའི་ཀོང་པོའི་ཞབས་བྲོ་འཁྲབ་པ་དང་། གར་སྟེགས་འོག་ཡུལ་སྐོར་བ་ཚོས་ཐལ་མོ་ཡང་སེ་རྡེབ་པ་དང་དགའ་འབོད་བྱས་ནས། ཚང་མའི་གདོང་ལས་བདེ་སྐྱིད་ལྡན་པའི་འཛུམ་མདངས་འཕྱུར། “ཀྲུའུ་ཞི་ཀརྨ་ཚེ་བརྟན་ལགས་ཀྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་67འཁོར་བར་དྲན་གསོ་ཞུ་བའི་གསུང་བཤད་གནང་སྐབས། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་རྒྱ་ཆེའི་མི་དམངས་མང་ཚོགས་ཚོར་ལ་རྒྱ་དང་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་ཡོད་ཅེས་གསུངས་སོང”ཞེས་སྤེན་པས་བརྗོད་པ་དང་། ཁོང་གིས“གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་འདི་ནི་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་དང་། ཀ་ལ་གྲོང་ཚོའི་ཡུལ་མི་ཚང་མས་ལས་ལ་བརྩོན་ནས་བྱུང་བ་ཞིག་རེད། ན་ནིང་ཟླ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཚང་མར་མུ་མཐུད་འབད་འཐབ་ཧུར་ཐག་བྱེད་དགོས་པའི་སྐུལ་ལྕག་གནང་བྱུང་། ང་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་ཧུར་ཐག་བཏོད་དེ། ཁམ་བུའི་མེ་ཏོག་གྲོང་ཚོའི་གཏམ་རྒྱུད་ལོ་རེ་བཞིན་ཡག་པོ་བརྗོད་ཀྱི་ཡིན”ཞེས་བརྗོད།
གྲོང་ཁྱེར་ནས་གྲོང་གསེབ་བར་དང་། སློབ་གྲྭ་ནས་འབྲོག་རའི་བར། ལས་ཁུངས་ནས་གཞི་རིམ་བར་བཅས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དེ་བས་དཔའ་ངར་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པའི་རྒྱང་ལམ་དུ་འབད་འབུངས་མདུན་སྐྱོད་བྱེད་བཞིན་མཆིས། ལོ་ངོ་67གོང་གི་འཕོ་འགྱུར་རླབས་ཆེན་ལས་གངས་ལྗོངས་ས་མཐོར་སྐྱ་རེངས་བསུས་པ་དང་། ད་ཆའི་བོད་ལྗོངས་འདི་ཉིད་དེ་བས་གདེང་ཚོད་ལྡན་པའི་གོམ་སྟབས་སྤོ་བཞིན་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་བཞིན་ཡོད་པ་རེད།