《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月30日

ལས་རྣམ་གསུམ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པར་ལྟ་བ།

—— “བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”ཐེངས་བཅོ་བརྒྱད་པ་འཆར་བའི་སྐབས་སུ་བྲིས་པ།

མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཡོན་ཆོན། ཞུས་ཡུས་ཡའོ། ཆུང་བདག་སྒྲོལ་དཀར།

གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དཔལ་འབྱོར་ལྷུན་པོ་གྲོང་ཚོའི་རྒན་མོ་ལྷག་པ་མཚམས་གཅོད་ཀྱིས་ཚེ་གང་སོ་ནམ་ལས་ལ་བྲེལ་ཡོད།

ལོ་ན་ཕྲ་བའི་སྐབས། འབྲུ་ཁྲལ་འཇལ་ཉུང་བའི་རྐྱེན་གྱིས་ཞིང་བྲན་བདག་པོས་ཉེས་རྡུང་དང་གཤེ་གཤེ་ཚད་མེད་བཏང་བ་དང་། དར་མའི་དུས་སུ་དམངས་གཙོའི་བཅོས་སྒྱུར་བརྒྱུད་ཁོང་ལ་ཡར་ལངས་བཅིངས་འགྲོལ་ཐོབ་ནས་ས་ཞིང་གི་བདག་པོར་གྱུར་ཡོད། ད་ཆ་འབྲས་བརྔོས་དང་། ཏན་ཞིམ། མེན་པའོ་སོགས་རྒྱལ་རྩེའི་ནས་ལ་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས་ལས་ཁོ་མོའི་མིག་རྒྱང་ཡངས་སུ་ཕྱིན་ཡོད།

“ངའི་མི་ཚེ་གང་བོར་དངོས་པོ་གསར་པ་སྣ་ཚོགས་མཐོང་བྱུང”ཞེས་ལྷག་པ་མཚམས་གཅོད་ཀྱིས་བརྗོད་པ་དང་། ཁོང་གིས། “ཏང་གིས་ང་ཚོར་སྣེ་ཁྲིད་གནང་བས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་དུ་འགྲོ་བཞིན་ཡོད”ཅེས་སེམས་འགུལ་ཐེབས་བཞིན་བརྗོད།

ལོ་ངོ་67གོང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་དུ་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་བྱས་ཏེ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་དུ་བཏང་བས། བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།

དུས་རབས་གསར་པ་ནི་བོད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་ཕན་པ་དངོས་ཐོབ་མང་ཤོས་བཅས་ཀྱི་དུས་སྐབས་ཤིག་རེད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

2025ལོའི་ཟླ་བ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས“མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་སྐྲུན་དགོས་པའི”མངགས་བཅོལ་ཟབ་མོ་གནང་བ་རེད།

མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་བོད་ཀྱིས་རང་ངོས་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་བྱ་གཞག་ཁག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་གསར་པ་དེ་བས་ལེགས་པར་བསྐངས་ཡོད།

—— མི་མེད་གནམ་གྲུ་ཞིག་ནས་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་གསར་པར་ལྟ་བ།

དཔྱིད་རྨོད་རྒྱག་ཉེར་ཡོད་པའི་སྐབས་སུ། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཚོང་འདུས་གྲོང་ཚོར་དངུལ་མདོག་གི་མི་མེད་གནམ་གྲུ་ཞིག་ཞིང་སྟེང་དུ་འཕུར་བཞིན་ཡོད་པ་དང་། ཚེ་དབང་བསམ་གྲུབ་ཀྱིས་ལག་ཏུ་རྒྱང་འཛིན་ཡོ་བྱད་བཟུང་ནས་དལ་དལ་ལྷོད་ལྷོད་ངང་བཀོལ་སྤྱོད་བྱེད་བཞིན་མཆིས།

ཁོང་ནི་ཚོང་འདུས་གྲོང་ཚོའི་ཞིང་འཕྲུལ་མཉམ་ལས་ཁང་གི་འགན་འཁུར་བ་རེད། 2021ལོར་ཁོང་གྲོང་ཚོའི་མི་མེད་གནམ་གྲུའི་ལག་ཁྱེར་རག་པའི་ལས་མི་ཁག་དང་པོར་གྱུར་ཡོད།

ལོ་ཤས་གོང་། དཔྱིད་རྨོད་དུས་ལ་སླེབས་རིམ་བཞིན་ཁོང་གྲོང་ཚོའི་ས་ཞིང་ཚང་མར་ཐེངས་རེ་འགྲོ་དགོས། “ཉིན་གང་རྐང་པ་ན་ན་ཕྱིན་ཡང་ད་དུང་ས་ཞིང་ཡོངས་རྫོགས་ལ་བལྟས་ཚར་གྱི་མེད”ཅེས་ཁོང་གིས་བཤད།

ད་ཆ་ས་ཞིང་མུའུ་སྟོང་ཕྲག་ལྷག་ཙམ་ཉིན་ཕྱེད་ནང་བལྟས་ཚར་གྱི་ཡོད། “ས་ཞིང་གང་ཞིག་སྐམ་གཤེར་རན་པོ་ཡོད་ན་སྔ་ཙམ་འདེབས་ཆོག་པ་དང་། ས་ཞིང་གང་ཞིག་ད་དུང་སྐམ་དགོས་མིན་གསལ་པོར་ཤེས་ཀྱི་ཡོད”ཅེས་ཁོང་གིས་བཤད།

གཞིས་རྩེ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་བསོད་ནམས་ཀྱིས“ཉེ་བའི་ལོ་ཤས་རིང་། ང་ཚོས་མི་མེད་གནམ་གྲུའི་རྒྱང་ཚོར་དང་གྲངས་གཞི་ཆེན་པོའི་ལྟ་ཞིབ་ཚད་ལེན་སོགས་རིག་ལྡན་ཞིང་ལས་ལག་རྩལ་དང་སྒྲིག་ཆས་བཀོལ་སྤྱོད་བྱེད་སྟངས་རྒྱུན་མཐུད་ཁྱབ་གདལ་བཏང་ནས། ལག་རྩལ་གྱི་ལེགས་ཆ་དེ་འབྲུ་རིགས་ཐོན་འཕར་དང་ཞིང་དུད་ལ་འབབ་འཕར་ཡོང་བའི་ཕན་འབྲས་དངོས་ལ་བསྒྱུར་ཡོད”ཅེས་བརྗོད།

—— “འོད་ཤུགས་འབྲོག་ར”ཞིག་ནས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་གསར་པར་ལྟ་བ།

ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སྦངས་གྲོང་ཚོའི་མུའུ་4000ལྷག་ཙམ་ཟིན་པའི་འོད་ཤུགས་ཤེལ་ལེབ་ལས་འོད་ཆེམ་ཆེམ་དུ་འཕྲོ་བཞིན་ཡོད།

སྔོན་ཆད་དེ་ག་ནི་རི་རྒོད་འབྲོག་ར་ཞིག་ཡིན་པ་དང་། ཡུལ་མི་ཚོས་དེ་གའི་གནས་ཚུལ་གླེང་སྐབས“རྩྭ་ཤིན་ཏུ་ཉུང་བས་ལུག་ཀྱང་འཚོ་དཀའ”ཞེས་བརྗོད།

ད་ཆ་ས་ཆ་དེ་གས་སྔོན་རྩིས་ལྟར་ན་ལོ་རེར་གྲོང་ཚོའི་མཉམ་སྡེབ་ལ་གཏན་འཇགས་ཡོང་འབབ་སྒོར་ཁྲི་200ལྷག་ཙམ་གསོག་ཐུབ་ཀྱི་ཡོད་པ་དང་ཡུལ་མི་རེར་ཡོང་འབབ་སྒོར་སྟོང་ལྷག་ཙམ་མང་དུ་འགྲོ་གི་ཡོད།

འགྱུར་ལྡོག་དེ་འདྲ་བྱུང་དོན་ནི་ན་ནིང་གི་ཟླ་10པར་བསྐྲུན་པའི་ཧྭ་གློག་སྟོད་ལུང་འབྲོག་རའི་འོད་གསོག་གསབ་རེས་རྣམ་གྲངས་དང་ཁ་འབྲལ་ཐབས་མེད། རྣམ་གྲངས་ཀྱི་འགན་འཁུར་བ་མུའུ་ཧོན་ཧོན་གྱིས“འོད་ཤུགས་ཤེལ་ལེབ་ནས་གློག་གཏོང་བ་དང་ཤེལ་ལེབ་འོག་ཏུ་ཕྱུགས་འཚོས་ནས། ས་ཆའི་ཕྱོགས་བསྡུས་ཕན་འབྲས་30%ལྷག་ཙམ་འཕར་བར་སྐུལ་འདེད་བཏང་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

རྣམ་གྲངས་འཛུགས་སྐྲུན་བྱེད་རིང་ས་གནས་དེ་གའི་ཞིང་འབྲོག་པ་མི་ཐེངས་3500ལྷག་ཙམ་བསྡུས་པས། ཡུལ་མིའི་ཡོང་འབབ་སྒོར་ཁྲི་3000ལྷག་ཙམ་ཟིན་གྱི་ཡོད་པ་རེད།

གྲོང་ཚོའི་གཞོན་ནུ་བསམ་གཏན་བཀྲ་ཤིས་དང་ཐོག་ལས་ཀ་རྩག་རྩིག་བྱེད་པ་ནས་ཕྱིས་སུ་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་ཏེ། རིམ་བཞིན་འོད་ཤུགས་གློག་ཁང་འཛུགས་སྐྲུན་པ་གོ་ཐང་ཞིག་ཏུ་གྱུར་པ་དང་། ཁོང་གིས“ཡུལ་མིའི་སྣེ་ཁྲིད་དེ་ཆེད་ལས་ཨར་སྐྲུན་རུ་ཁག་བཙུགས་ནས་ལས་ཀ་དེ་བས་མང་བ་ལེན་རྩིས་ཡོད”ཅེས་བརྗོད།

—— “ངོས་ལེབ་གློག་ཀླད་ཆུང་ཆུང”ཞིག་ནས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་འཚོལ་ཞིབ་གསར་པར་ལྟ་བ།

ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་ཁང་ནང་། ཨན་ཧུའེ་ཡི་བོད་སྐྱོར་དགེ་རྒན་ལི་ཏེ་ཕེང་གིས་འགུལ་རིས་བརྒྱུད་ནས་སློབ་ཚན་ཁྲིད་བཞིན་ཡོད།

ཁོང་གི་རྒྱབ་ངོས་སུ་ཡོད་པའི་བརྙན་ཤེལ་ཆེན་པོའི་ཐོག་AIཡོ་བྱད་སྤྱད་དེ་བཟོས་པའི་བརྙན་ཐུང་ཞིག་སྟོན་བཞིན་ཡོད། ཕྲུ་གུ་ཚོའི་ལག་ཏུ་ཐོགས་པའི་ངོས་ལེབ་གློག་ཀླད་ཀྱིས་སློབ་སྦྱོང་གི་ནང་དོན་ཕྱོགས་བསྡུས་ཐུབ་སྟེ། སློབ་ཚན་འཚོག་སྐབས་ནང་དོན་རྣམས་གསོན་ཉམས་ལྡན་པའི་ངང་གློག་ཀླད་ངོས་སུ་འཆར་ནས། སློབ་མས་དེ་བས་ཁ་གསལ་ངང་ཤེས་བྱ་རྟོགས་པར་རོགས་རམ་ཐུབ་ལ། སློབ་གྲྭ་གྲོལ་རྗེས་ཁ་ཕྱེ་ནས་ཤེས་བྱ་བསྐྱར་སྦྱོང་བྱེད་ཆོག

མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མ་བློ་བཟང་སྙན་གྲགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཕྱོགས་བསྡུས་སློབ་ཚན་ཁ་ཕྱེ་བ་དང་། ཁོང་གིས“དེ་ནི་ངས་རྒྱུན་དུ་སྤྱོད་མང་ཤོས་ཡིན། དེས་ང་ལ་སློབ་སྦྱོང་གི་གཙོ་གནད་མགྱོགས་མྱུར་ཕྱོགས་སྡོམ་བྱེད་རོགས་བྱེད་པ་མ་ཟད། ད་དུང་རིགས་གཅིག་པའི་ཤེས་བྱ་དཔེ་རུ་དྲངས་ཐུབ་པས། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་ཐུབ”ཅེས་བརྗོད།

“རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ཀྱི་སློབ་གསོར་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་བྱུང་བ་དང་། སློབ་གསོའི་བོད་སྐྱོར་དང་གྲངས་འཛིན་མཐུན་སྦྱོར་གྱིས་ཕྲུ་གུ་ཚོའི་ཕུགས་འདུན་མངོན་འགྱུར་གྱི་ལམ་བུ་གསལ་སྟོན་བྱས་ཡོད”ཅེས་ལི་ཏེ་ཕེང་གིས་བརྗོད།

“ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱིས་དམངས་འཚོའི་འདུ་འགོད་ཆེན་པོ་བཅུ་ལག་ལེན་གཏིང་ཟབ་བསྟར་ནས། དམངས་འཚོའི་ཐད་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་ཁྲི་1ལྷག་ཙམ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2021ལོའི་སྒོར་46503དང་སྒོར་16935ནས་སྒོར་58794དང་སྒོར་23184བར་སོ་སོར་འཕར་བས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་ཕྱིན་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འབད་འཐབ་མདུན་སྐྱོད་ཀྱི་ལམ་བུར། བོད་ཀྱིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་རྒྱུན་མཐུད་དམ་འཛིན་གཏིང་ཟབ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མགྱོགས་མྱུར་འཛུགས་སྐྲུན་བྱ་རྒྱུ་རེད། (ཉི་དོན་དང་ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)