《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月25日

ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བྱེ་ས་སྡེ་ཁུལ་གྱིས།

སྲིད་ཇུས་སྒྲོག་འགྲེལ་བྱས་ནས་དམངས་སེམས་གཅིག་མཐུན་ཡོང་ཤུགས་ཆེ་རུ་བཏང་བ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བྱེ་ས་སྡེ་ཁུལ་གྱི་ལས་དོན་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དང་བླངས་པ་དང་མཉམ་དུ་སྲང་ལམ་སྒོ་ར་དང་། སྡེ་ཁུལ་གྱི་ཇ་ཁང་། ཞིང་ནང་དང་མུ་ཁ་བཅས་སུ་བསྐྱོད་དེ། སྣ་མང་ཕུན་སུམ་ཚོགས་པའི་སྒྲོག་འགྲེལ་རྣམ་པའི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་སྲིད་ཇུས་ལ་སློབ་སྦྱོང་དང་འཕེལ་རྒྱས་སྐོར་ལ་གླེང་མོལ་བྱས་ཏེ། བསམ་བློའི་ངོས་འཛིན་གཅིག་མཐུན་ཡོང་ཐབས་བྱས་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་རེད།

བྱེ་ས་སྡེ་ཁུལ་ཏང་གི་སྤྱི་ཁྱབ་ཀྲི་པུས་ཁྱད་ཆོས་ལྡན་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དང་ཆེད་དོན་ཏང་གི་སློབ་ཚན་གཞི་རྟེན་གལ་ཆེན་དུ་བྱས་ཏེ། ཏང་ཡོན་སྒྲིག་འཛུགས་ཀྱིས་ཏང་ཞུགས་དམ་བཅའ་བསྐྱར་དུ་བཞག་པ་དང་། ཏང་ཡོན་ཡོངས་ལ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་གདོང་ལེན་པ་བྱེད་ཕོད་པ་དང་མིག་དཔེ་ཡག་པོ་སྟོན་དགོས་པའི་འབོད་སྐུལ་བྱས་པ། གཞི་རིམ་གྱི་དམག་འཐབ་མཁར་རྫོང་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ་མ་ཟད། ད་དུང་ཏང་ཡོན་ལ་སློབ་སྦྱོང་གི་གྲུབ་འབྲས་དེ་གཞི་རིམ་དུ་གཞིས་ཚུགས་ནས་བྱ་བ་དངོས་སྒྲུབ་དང་འགན་འཁྲི་ནན་ཁུར་གྱི་བྱ་སྤྱོད་དུ་སྒྱུར་བར་སྐུལ་འདེད་ཀྱང་བཏང་བ་རེད།

ཁོངས་གཏོགས་ཁུལ་གྱི་ཚོང་དུད་དང་། ཕ་ཡུལ་དུ་ལོག་པའི་གཞོན་ནུ། དམག་ཞབས་ཐིམ་པའི་དམག་མི་སོགས་ཚོགས་སྤྱི་མི་འདྲ་བའི་ཁྱད་ཆོས་ལ་དམིགས་ནས་སྡེ་ཁུལ་དུ་སྲིད་ཇུས་སྒྲོག་འགྲེལ་བྱེད་སྒོ་ཐེངས་མང་གནད་ལ་འཁེལ་པོས་སྤེལ་ཞིང་། འབྲེལ་ཡོད་སྲིད་ཇུས་ཀྱི་དགོངས་དོན་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བརྒྱབ་པ་དང་། ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཅེས་སྐྱོང་འོག་བོད་ལ་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསོན་ཉམས་དོད་པོས་བརྗོད་པ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུར་དམིགས་ནས་དོན་ཟབ་ལ་གོ་བདེ་བའི་སྒོ་ནས་འགྲེལ་བཤད་ཀྱང་བརྒྱབ་ཅིང་། ས་གནས་ས་ཐོག་ཏུ་མང་ཚོགས་ལ་གྲོང་གསེབ་དར་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོང་། སྤྱི་ཚོགས་འགན་སྲུང་སོགས་ཐད་ཀྱི་གནད་དོན་སྐོར་གྱི་དྲི་བར་ལན་བཏབ་ནས་སྲིད་ཇུས་དང་རིགས་པའི་གཞུང་ལུགས་མང་ཚོགས་ཀྱི་སེམས་སུ་དངོས་གནས་ཟུག་པར་བྱས་པ་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་དཔའ་མོས་ཞུས)