འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་གློག་འཕྲིན་འབྱོར་གསལ། 2025ལོ་ནས་བཟུང་། མངའ་རིས་ས་ཁུལ་གྱིས་ཏང་ཡོན་གྱི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་འཛུགས་སྐྱོང་གི་རྨང་གཞིའི་རང་བཞིན་དང་ཡུན་རིང་རང་བཞིན་གྱི་ལས་དོན་ལ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག འཕེལ་རྒྱས་དང་། སློབ་གསོ། དོ་དམ། ཞབས་ཞུ། ནུས་པ་འདོན་པ་བཅས་ཀྱི་ཕྱོགས་ལྔར་དམིགས་ནས་གནད་སྨིན་ཇུས་བསྟར་དང་བརྒྱུད་རིམ་ལྡན་པའི་བྱ་ཐབས་སྤྱད་དེ་ཏང་ཡོན་དཔུང་ཁག་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཕེལ་བར་བྱས་པས་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ལ་སྤུས་འབྲས་ལེགས་གཉེར་བྱུང་ཡོད།
ཤེས་རྟོགས་བྱུང་བར་གཞིཌ་ན། མངའ་རིས་ས་ཁུལ་གྱིས“སྤྱི་འབོར་ལ་ཚོད་འཛིན་དང་། གྲུབ་ཆ་ལེགས་སུ་གཏོང་བ། སྤུས་ཚད་མཐོར་གཏོང་། ནུས་པ་འདོན་སྤེལ”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་ཏང་ཡོན་འཕེལ་རྒྱས་ཀྱི་འགག་སྒོ་ནན་པོ་བསྲུངས་ཡོད། 2025ལོར་གསར་དུ་འཕེལ་རྒྱས་བཏང་བའི་ཏང་ཡོན་ཁྲོད་ཆེད་ཚན་དང་དེ་ཡན་གྱི་སློབ་རྒྱུས་ལྡན་མཁན་གྱིས་76.61%བཟུང་བ་དང་། ལོ་35དང་དེ་མན་གྱིས་85.34%བཟུང་བ། གྲོང་གསེབ་ཀྱི་ཐོན་སྐྱེད་འཐབ་ས་དང་པོའི་ཏང་ཡོན་གྱིས་26.18%བཟུང་བ་བཅས་ཏང་ཡོན་དཔུང་ཁག་གི་སློབ་རྒྱུས་དང་། ལོ་ཚད། གྲུབ་ཆ་བཅས་སྔར་བས་ལེགས་སུ་ཕྱིན་ཡོད།
ཏང་ཡོན་གྱི་སློབ་གསོ་དོ་དམ་ཐད་མངའ་རིས་ས་ཁུལ་གྱིས་བསམ་བློ་འཛུགས་སྐྱོང་གི་རྩ་བར་དམ་པོར་དམིགས་ནས་ཏང་ཡོན་གྱི་བསམ་བློའི་རྩ་བ་དེར་དམ་འཛིན་ནན་པོ་བྱས་ཤིང་། ཕྱོགས་གཅིག་ནས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཏང་ནང་ཁུལ་གྱི་རྩ་འཛུགས་འཚོ་བའི་ལམ་ལུགས་ལག་ལེན་ནན་པོ་བསྟར་ཏེ་ས་ཁུལ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་900ལྷག་ཙམ་གྱིས་རྩ་འཛུགས་འཚོ་བ་ཚད་ལྡན་ངང་སྐྱེལ་རྒྱུར་སྐུལ་འདེད་བཏང་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་དངོས་འབྲེལ་ནན་དུ་དང་ཏན་ཏིག་ཡོང་བར་བྱས་ཡོད་ལ། ཕྱོགས་གཞན་ཞིག་ནས་ཏང་ཡོན་གྱི་བསམ་བློའི་ཁྲིད་སྟོན་དང་བྱ་སྤྱོད་དོ་དམ་ལ་ཤུགས་བརྒྱབ་སྟེ་དཔེ་གྲངས་ཉེན་ཟོན་སློབ་གསོ་དང་སྙིང་གཏམ་ཤོད་རེས་སོགས་ཀྱི་བྱེད་ཐབས་བརྒྱུད་བསམ་བློར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བ་དང་དུས་མཚུངས་ཏང་ཡོན་གྱི་དྲ་རྒྱའི་བར་མཐོངས་ཀྱི་གཏམ་སྤྱོད་དོ་དམ་ལ་ཤུགས་བརྒྱབ་ནས་ཏང་ཡོན་གྱི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་ཏན་ཏིག་བཏང་ཡོད།
ཕྱོགས་མིའི་ཏང་ཡོན་དོ་དམ་གྱི་དཀའ་གནད་ལ་དམིགས་ནས་མངའ་རིས་ས་ཁུལ་གྱིས་གནད་སྨིན་ཤུགས་འདོན་བྱས་ཏེ“དོ་དམ་དྲ་བ”ཚགས་ཚུད་དུ་བཏང་བར་རིམ་རྩིས་བརྒྱབ་ན་ཕྱོགས་མིའི་ཏང་ཡོན་ཐོ་འགོད་དང་རྩིས་ལེན་གྱི་ལས་དོན་ཐེངས་300ལྷག་ཙམ་ལ་མཛུབ་ཁྲིད་བྱས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཏང་ཡོན་95ཡི་ཆ་འཕྲིན་ཐོ་བཀོད་བྱས་ཡོད། ཕྱོགས་མིའི་ཏང་ཡོན་གྱི་དོན་དངོས་གནས་ཚུལ་ལ་དམིགས་ནས་དྲ་ཐོག་སློབ་སྦྱོང་དང“སྒོ་རྩར་སློབ་ཁྲིད”སོགས་རང་གཤིས་ཅན་གྱི་སློབ་གསོའི་ཞབས་ཞུ་ཁྱབ་གདལ་བཏང་སྟེ་རྩ་འཛུགས་ཀྱི་འཚོ་བའི་ནང་རྒྱུན་གཏན་བཞིན་ཞུགས་ཐུབ་པའི་འགན་ལེན་བྱས་ཡོད། ཕྱོགས་མིའི་ཏང་ཡོན་གྱི་ཆེད་བསྐོས་འབྲེལ་གཏུག་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་པ་དང་འབྲེལ་གཏུག་པ་ཁག་གིས་ཕྱོགས་མིའི་ཏང་ཡོན་དང་འབྲེལ་གཏུག་ཐེངས་270ལྷག་ཙམ་བྱས་ཏེ། རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་ལ་བརྟེན་ནས་ཕྱོགས་མིའི་ཏང་ཡོན་གྱི་དོ་དམ་ལས་དོན་དོན་འཁྱོལ་ཞིབ་ཚགས་ཡོང་བར་སྐུལ་འདེད་བཏང་བ་རེད། (པ་སངས་ཕན་ཐོགས་ཀྱིས་བསྒྱུར། པ་ཚེ་གཞོན་པ་དང་པ་ཕན་གྱིས་ཞུས)