《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月25日

ཟངས་རི་རྫོང་འབོད་ཐོས་གྲོང་ཚོས།

གནད་སྨིན་ཇུས་བསྟར་བྱས་ནས་སྡོད་མལ་ཁོར་ཡུག་ལེགས་སུ་བཏང་བ།

འདི་ག་ཚགས་པར་ཁང་དུ་ཟངས་རི་ནས་གློག་འཕྲིན་འབྱོར་གསལ། ཟངས་རི་རྫོང་འབོད་ཐོས་གྲོང་ཚོས་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ནས་མི་ཕྱུགས་མཉམ་སྡོད་ཀྱི་གནད་དོན་ལ་དམིགས་ནས། གནད་སྨིན་ཇུས་བསྟར་དང་དངོས་འཛིན་དངོས་སྒྲུབ་ཀྱིས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལེགས་གཏོང་ལ་སྐུལ་འདེད་བཏང་བས་བཙོག་ཟིང་ཞན་གསུམ་གྱི་གནད་དོན་ལ་བཅོས་སྒྲིག་ཡག་པོ་ཐུབ་ནས། སྐྱེ་ཁམས་སྡོད་མལ་ལ་འཚམ་ཞིང་ཡུལ་སྲོལ་མཛེས་མཐུན་གྱི་གྲོང་གསེབ་ཀྱི་རྣམ་པ་གསར་པ་ཞིག་བཏོད་ཡོད།

གྲོང་ཚོའི་དོན་དངོས་གནས་ཚུལ་ལ་གཞིགས་ཏེ། འབོད་ཐོས་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་མི་ཕྱུགས་ལོགས་དབྱེའི་ལས་དོན་དེ་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བའི་སྲོག་ཤིང་དང་དམ་འཛིན་བྱ་གཞིར་བརྩིས་ནས་འཕྲལ་མར་ལས་དོན་སྐུལ་འདེད་ཚོགས་འདུ་འཚོགས་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། གྲོང་སྡོད་ལས་དོན་རུ་ཁག ཡུལ་མིའི་འཐུས་མི་བཅས་སྒྲིག་འཛུགས་བྱས་ནས་གྲོས་མོལ་དང་བགྲོ་གླེང་བྱས་པ་དང་། ཞིབ་སྲོལ་ལ་སྐུལ་འདེད་གཏོང་བ་དང་། འགན་འཁྲི་དོན་འཁྱོལ་བྱེད་པ། རྗེས་མཐུད་དོ་དམ་སྲུང་སྐྱོང་སོགས་འགག་རྩའི་ནང་དོན་ལ་དམིགས་ནས་ཐུན་མོང་གི་ངོས་འཛིན་གྲུབ་ཡོད།

ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ནས་གྲོང་ཚོ་དེས་མང་ཚོགས་ཀྱི་དགོས་མཁོར་དམིགས་ནས་གནད་སྨིན་ཤུགས་འདོན་བྱས་ཏེ་མི་ཕྱུགས་ལོགས་དབྱེའི་ལས་དོན་དོན་འཁྱོལ་གནད་སྨིན་ཡོང་བའི་འགན་ལེན་བྱས་ཡོད། བདེ་འཇགས་ཀྱི་མཐའ་ཚད་ནན་པོ་བསྲུངས་ནས་རྒྱུན་རྣམ་ཅན་གྱི་སྒོ་ནས་ཨར་ལས་བྱ་ཡུལ་དུ་བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ། མངོན་མེད་རྐྱེན་ངན་ཡོད་རིགས་ས་གནས་ས་ཐོག་ཏུ་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། དུས་བཀག་ཁ་གསལ་བཟོས་པ་མ་ཟད། བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་བྱས་ཏེ། ལོགས་དབྱེའི་ས་ཚིགས་འཛུགས་སྐྲུན་བདེ་འཇགས་ཡོང་བར་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱས་ཡོད། ཡུལ་མིས་ལོགས་དབྱེའི་ས་ཚིགས་ཀྱི་བ་ཚང་དུ་གློག་མེད་པ་དང་མཚན་དགུང་གཡོག་བྱེད་བྱེད་བདེ་པོ་མེད་པ་སོགས་ཀྱི་གནད་དོན་བཏོན་པར་དམིགས་ནས་ཧྲུའུ་ཅི་དང་པོའི་འགྲོ་སོང་ཁྲོད་ནས་ཆེད་དོན་མ་དངུལ་བཏང་སྟེ་བ་ཚང་ཚང་མར་གཅིག་གྱུར་གྱི་ཉི་ནུས་གློག་སྒྲོན་ཉོས་ནས་བསྒར་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཡོད། ཏང་དང་མང་ཚོགས་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ལོགས་དབྱེའི་ས་ཚིགས་ཀྱི་ཕྱུགས་རིགས་འགྲོ་སྐྱོད་བྱེད་ས་གུ་དོག་པའི་དཀའ་གནད་ལ་གཞིགས་ནས་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་སྣེ་ཁྲིད་ནས་འོས་འགན་ངལ་རྩོལ་བྱས་པ་དང་། མང་ཚོགས་རྒྱ་ཁྱབ་ངང་ཞུགས་པར་སྐུལ་སློང་བྱས་ཏེ་འགྲོ་སྐྱོད་དང་གཟན་ཆག་སྟེར་སྐབས་སྟབས་བདེ་མེད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་རེད།