མདོ་བརྗོད་ཤང་ནི་རྣམ་གླིང་རྫོང་གི་ཞོག་ཁོག་འདེབས་འཛུགས་ཁུལ་གཙོ་བོ་ཡིན་ལ། རྫོང་ཡོངས་ཀྱི་ཞོག་ཁོག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་གསུམ་བྱ་སྤྱོད་ནང་རང་འགུལ་གྱིས་མཉམ་འདྲེས་བྱས་པས། 2025ལོར་གྲོང་སྟོད་གྲོང་ཚོ་དང་སྡོང་ཚུགས་གྲོང་ཚོ་སོགས་སྲིད་འཛིན་གྲོང་ཚོ་4རུ་རིམ་པ་དང་པོའི་ཞོག་སོན་འདེབས་གསོའི་ས་ཞིང་མུའུ་880གཅིག་སྡུད་ཐོག་བཟོས་ཡོད། ཉར་ཚགས་སྒྲིག་བཀོད་དཀོན་པ་དང་། ཕྱིར་འཚོང་ཐབས་ལམ་མི་འདང་བ། ཞིང་ལས་ལག་རྩལ་གྱི་ཞབས་ཞུ་ཡག་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། མདོ་བརྗོད་ཤང་གིས“ཨེ་མ་ཞོག་ཁོག”ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ལ་བརྟེན་ནས་དྲ་ཚོང་ལས་སྟེགས་དང་སྡེབ་ཉོའི་ཚོང་པར་འབྲེལ་བ་བྱས་ཏེ་ཕྱིར་ཚོང་ཐབས་ལམ་རྒྱ་སྐྱེད་བཏང་བ་དང་། སྲིད་གཞུང་དང་། ཁེ་ལས། མཉམ་ལས་ཁང་བཅས་ཟུང་དུ་སྦྲེལ་བའི་བྱེད་སྟངས་བརྒྱུད། དྲོད་ཁང་ཆེ་མོ་སྤྱད་དེ་ཞོག་སོན་འདེབས་གསོ་བྱས་པ། རིགས་གཅིག་མཁས་ཅན་རྟག་ཏུ་གདན་དྲངས་ནས་ཞིང་ལས་ལག་རྩལ་གསོ་སྦྱོང་བྱས་ཏེ། གཞི་རིམ་གྱི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་བ་རེད།
“འདི་གའི་ཞོག་ཁོག་བྲོ་བ་ཞིམ་པ་མ་ཟད་ནད་འགོག་ནུས་པ་ཡང་ཆེ་བས་ཁྲོམ་རའི་ཁས་ལེན་ཐོབ་ནས་ཐོན་ལས་གཞི་ཁྱོན་ཅན་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིང་ཡོད” མདོ་བརྗོད་ཤང་གི་ཞིང་ལས་ལག་རྩལ་པ་བློ་བཟང་རྣམ་རྒྱལ་གྱིས“མུའུ་880ཟིན་པའི་རིམ་པ་དང་པོའི་ཞོག་སོན་ས་ཞིང་མུའུ་རེའི་ཐོན་འབབ་མཐོ་ཤོས་རྒྱ་མ་6070དང་ཆ་སྙོམས་མུའུ་རེའི་ཐོན་འབབ་རྒྱ་མ་5760ཟིན་ནས། འདེབས་འཛུགས་རྒྱ་སྐྱེད་རྣམ་གྲངས་ཁུལ་གྱི་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་400ལྷག་ཡོང་བར་ཐད་ཀར་སྐུལ་ཁྲིད་ཐུབ་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
(དམ་ཆོས་མི་ཕམ་གྱིས་བསྒྱུར། ཕུར་སྒྲོན་དང་དམ་ཆོས་མི་ཕམ་གྱིས་ཞུས)