“སྲིད་གཞུང་གིས་རྣམ་གྲངས་སྤྲོད་པ་དང་། རོགས་སྐྱོར་མ་དངུལ་སྒུག་པ། ཁ་གསབ་ལ་བརྟེན་ནས་འཚོ་བ་སྐྱེལ་བ”བཅས་རོགས་སྐྱོར་ཁོ་ནར་བརྟེན་པའི་སྒྱིད་ལུག་གི་བསམ་བློ་ལས་རོགས་སྐྱོར་ཇི་ཙམ་བྱས་པ་དེ་ཙམ་གྱིས་སྒྱིད་ལུག་ཆེ་རུ་འགྲོ་བའི་གནས་སུ་གྱར་སྲིད། བོད་ལ་ཆ་མཚོན་ན། རོགས་སྐྱོར་སྲིད་ཇུས་ནི་ཡུན་རིང་གི་ཐབས་ལམ་ཞིག་མིན་ལ་ལུས་སེམས་ཆགས་རྟེན་གྱི“ལྕགས་ཕོར”ཞིག་དེ་བས་ཀྱང་མིན་པར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཤིག་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་པར་ང་ཚོའི་འཕེལ་རྒྱས་ཀྱི་ལས་འགན་ཧ་ཅང་ལྕི་པོ་ཡོད། “རོགས་སྐྱོར་ལ་བརྟེན་པའི”བསམ་བློ་དོར་ནས་རང་འགུལ་ངང་འགན་འཁྲི་ཕྲག་ཐོག་ཏུ་ཁུར་ཚེ་གཞི་ནས་བརྟན་བགྲོད་རྒྱང་འཁྱོལ་ཡོང་ཐུབ།
“རོགས་སྐྱོར་ལ་བརྟེན་པ”ནི་རང་བརྟེན་འཕེལ་རྒྱས་ཀྱི་བློ་སྟོབས་དང་འཇོན་ཐང་མེད་པ་ཞིག་རེད། བོད་ཀྱི་ས་ཆ་ཁག་གཅིག་ལ་དེ་སྔ“སྲིད་གཞུང་གིས་གང་ཞིག་སྤྲད་ཚེ་དེར་བརྟེན་པའི”སྣང་ཚུལ་ཐོན་ནས་རོགས་སྐྱོར་གྱི་ཕན་འབྲས་སྤྱིར་ན་ཆུང་ཆུང་ཡིན་པ་རེད། འོན་ཀྱང་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གིས“རོགས་སྐྱོར་མ་དངུལ་ལ་བརྟེན་ནས་འབྲི་གཡག་གསོ་ཚགས”བྱེད་པ་ནས་མཉམ་ལས་ཁང་བཙུགས་ཏེ་ཚན་རིག་ལག་རྩལ་ནང་འདྲེན་བྱེད་པ་དང་། “ས་མཐོའི་སྐྱེ་ལྡན་ཚགས་ཤའི”སྤུས་རྟགས་གཏོད་པ། དྲ་ཚོང་བརྒྱུད་ཞིང་ཆེན་དང་གྲོང་ཁྱེར་གཞན་ལ་འཚོང་བ་བཅས་བྱས་པས་དུད་ཚང་རེར་ལོར་ཆ་སྙོམས་འབབ་འཕར་སྒོར་ཁྲི་3ལྷག་ཙམ་ཟིན་ཏེ་གཞན་བརྟེན་གྱི་བསམ་བློ་དོར་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད།
“རོགས་སྐྱོར་ལ་བརྟེན་པའི”བསམ་བློ་དོར་བར“གཞན་བརྟེན་རྣམ་པའི”རོགས་སྐྱོར་དེ“རང་བརྟེན་རྣམ་པའི”འཇོན་ཐང་དུ་བསྒྱུར་བར་བྱེད་དགོས། རོགས་སྐྱོར་གྱི་ལྟེ་བ་ནི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་རྒྱུ་དེ་རེད། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གིས་ཇ་ལོ་འདེབས་འཛུགས་ཀྱི་རོགས་སྐྱོར་སྲིད་ཇུས་ལ་བརྟེན་ནས“ཁ་གསབ་དངུལ་གྱིས་ཇ་ལོ་འདེབས་རྒྱུ”ཁོ་ནར་མ་བརྟེན་པར་སྒྱུར་བཅོས་ཀྱི་བསམ་བློར་བརྟེན་ནས་ཞིབ་ཚགས་བཟོ་སྣོན་གྱི་ལག་རྩལ་ནང་འདྲེན་གྱིས། ཐོན་རྫས་རབ་དང་རིམ་པ་གསར་སྤེལ་བྱེད་པ་དང་། “རྫ་ཡུལ་གྱི་རི་མཐོའི་ཇའི”སྤུས་རྟགས་ཐོ་འགོད་པ། ཐབས་ལམ་མང་པོ་ནས་འཚོང་བ་བཅས་བྱས་པས། ཇ་ལོའི་ཐོན་ལས་དེ་འབབ་འཕར་གྱི་ཀ་རྟེན་ལྟ་བུར་གྱུར་ཏེ“ཁ་གསབ་ལ་བརྟེན་པ”ནས“ཐོན་ལས་ལ་བརྟེན་པའི”བར་མཆོང་སྐྱོད་བྱུང་ཡོད། ས་གནས་དེ་གའི་མང་ཚོགས་ཚོས“སྲིད་གཞུང་གི་རོགས་སྐྱོར་ནི་ང་ཚོར་ཐུགས་ཁུར་གནང་བ་ལས་མ་འདས་ཀྱང་བློ་ཁོག་ཆེན་པོས་ལས་གཏོད་བྱ་རྒྱུ་ནི་རང་ཉིད་ཀྱི་འཇོན་ཐང་རེད”རོགས་སྐྱོར་མ་དངུལ་དེ་འཇོན་ཐང་ཆེར་གཏོང་དང་ལས་སྟེགས་གཏོད་རྒྱུར་སྤྱད་ཚེ། གཞི་ནས་གཞན་བརྟེན་རོགས་སྐྱོར་ནས་རང་ངོས་སྟོབས་ཆེར་འགྲོ་རྒྱུ་མངོན་འགྱུར་ཡོང་ཐུབ་ཅེས་བཤད།
“རོགས་སྐྱོར་ལ་བརྟེན་པའི”བསམ་བློ་དོར་བར“རང་ཚུགས་རང་དར”གྱི་དངོས་སྒྲུབ་བསམ་བློ་འཛུགས་དགོས། བདེ་སྐྱིད་ནི་སྟོང་བསམ་བཏང་ནས་བྱུང་བ་ཞིག་མིན་པར་དངོས་སྒྲུབ་ལ་བརྟེན་ནས་བྱུང་བ་ཞིག་རེད། ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གིས་འོད་ཤུགས་དབུལ་སྐྱོར་རྣམ་གྲངས་ལ་བརྟེན་ནས“གློག་གཏོང་ཁ་གསབ”བླངས་པ་ཙམ་མིན་པར། “འོད་ཤུགས+འབྲོག་རའི་རྩྭ+འབྲི་གཡག་གསོ་ཚགས”བཅས་ཟུང་འབྲེལ་བྱེད་སྟངས་གསར་གཏོད་བྱས་ཏེ“ས་གཅིག་གཉིས་སྤྱོད་དང་། འོད་ཤུགས་དང་འབྲོག་ར་གསབ་རེས”མངོན་འགྱུར་བྱུང་ནས། ལོར་ཐོན་སྐྱེད་རིན་ཐང་ལྡབ་4འཕར་ཏེ་འབྲོག་པ་སྟོང་ལྷག་ཙམ་གྱི་འབབ་འཕར་ལ་སྐུལ་ཁྲིད་ཐུབ་ཡོད། གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གིས“སྔོ་ཚལ་གྱི་ཁ་གསབ་ལ་བརྟེན་པའི”བསམ་བློ་དོར་ནས་དྲོད་ཁང་ཆེ་མོའི་ལག་རྩལ་སྦྱོང་བ་དང་སོན་བཟང་ནང་འདྲེན་བྱེད་པ་དང་། དབྱེ་གསེས་ཐུམ་སྒྲིལ་གྱི་གྲང་ཕྲེང་མ་ལག་གཏོད་པ། “པ་སྣམ་སྔོ་ཚལ”གྱི་སྤྱི་པའི་སྤུས་རྟགས་གཏོད་པ་བཅས་བྱས་ནས་ཐོན་རྫས་ལྗོངས་ཕྱི་ནང་དུ་བཙོངས་པས་འདེབས་འཛུགས་དུད་ཚང་ལ་ཆ་སྙོམས་འབབ་འཕར་སྒོར་8000ལྷག་ཙམ་ཟིན་ཡོད་པ་རེད།
རོགས་སྐྱོར་གྱི་དཔྱིད་རླུང་བོད་ཀྱི་ས་ཕྱོགས་གང་སར་ལྡང་རུང་། དངོས་འབྲེལ་འཚར་ལོངས་ཡོང་བ་བྱེད་པར་རང་ཉིད་ཀྱིས་འབད་འཐབ་བྱས་ནས་འཇོན་ཐང་ཆེ་རུ་གཏོང་རྒྱུར་ཐུག་ཡོད། “རོགས་སྐྱོར་སྒུག་པའི”བསམ་བློ་དོར་བ་ནི་སྲིད་ཇུས་ཀྱི་རོགས་སྐྱོར་ལ་ཁས་མ་བླངས་པ་ཞིག་མིན་པར། དེ་བས་གོ་སྐབས་བཟང་པོ་དེ་སྤྱད་ནས་འཇོན་ཐང་ཆེར་གཏོང་དང་རང་བརྟེན་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན། ང་ཚོས“སྒུག་རྟེན་མ་བྱེད་པར་བློ་ཁོག་ཆེན་པོས་ལས་གཏོད་བྱེད་པའི”ངར་ཤུགས་བཏོན་ནས་རོགས་སྐྱོར་དེ་མཐུན་རྐྱེན་དུ་བརྩི་བ་ལས་མཐའ་མཇུག་ཏུ་མི་བརྩི་བར། དངོས་སྒྲུབ་ཀྱིས་འཇོན་ཐང་ཞུན་བརྡར་བྱེད་པ་དང་གསར་གཏོད་ཀྱིས་ཁྲོམ་ར་གསར་འབྱེད་བྱས་ཏེ། རང་ཚུགས་རང་དར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཆེན་པོའི་ཐོག་བསྐྱོད་ནས་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་གཏོང་དགོས།
(མཚམས་གཅོད་ཀྱིས་བསྒྱུར། པ་སངས་སྒྲོན་ལགས་ཀྱིས་ཞུས)