《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月21日

ཉམས་ལེན་ནི་རིག་གནས་དར་སྤེལ་གཏོང་སྟངས་རྣལ་མ་ཞིག་རེད་།

——རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྨན་ཐང་ལུགས་ཀྱི་ཐང་གའི་རྒྱུན་འཛིན་པ་དོན་གྲུབ་ཀྱི་སྐོར་བཀོད་པ།

གསར་འགོད་པ། བཀྲ་ཤིས་དཔལ་སྐྱིད། བུ་ཆུང་། དཀོན་མཆོག་སྒྲོལ་མ། བསོད་ནམས་ལྷ་མཚོ།

དེང་དུས་དར་སྲོལ་ཆེ་བའི་ཐང་ག་ལག་མཐིལ་མ་དང་། ཐང་གའི་གའུ་སྣ་ཚོགས། དེ་བཞིན་ཐང་གའི་རི་མོ་ཅན་གྱི་དཀར་ཡོལ་དང་ལག་སྒམ། ཨུ་ལུ། རས་ཁུག་དང་། ཟིན་དེབ་ལ་སོགས་ཐང་ག་དང་འབྲེལ་བའི་རིག་གནས་བསམ་བཀོད་ཐོན་རྫས་སྣ་ཚོགས་ལ་ལྟ་ཞོར་དུ་གསར་འགོད་པས་བཅར་འདྲི་བྱ་ཡུལ་ཏེ། སྨན་ལྷ་དོན་གྲུབ་ཐང་ག་ཉམས་ལེན་ཁང་གི་འགན་འཁུར་བ་དོན་གྲུབ་ལགས་བསྒུགས་ནས་བསྡད།

ཅུང་ཙམ་ལས་མ་འགོར་བར་སྒྱུ་རྩལ་པའི་ཉམས་ཀྱིས་ཕྱུག་པའི་སྐྱེས་པ་ཞིག་ང་ཚོའི་གམ་དུ་ལྷགས། ངོ་སྤྲོད་བྱས་པ་ལས་ཁོང་ནི་ང་ཚོའི་བཅར་འདྲི་བྱ་ཡུལ་ཏེ། སྨན་ལྷ་དོན་གྲུབ་ཐང་ག་ཉམས་ལེན་ཁང་འཛུགས་མཁན་དོན་གྲུབ་ལགས་ཡིན་པ་ཤེས་ཤིང་། ཁོང་གིས་གསུངས་པའི་སྒྱུ་རྩལ་ལམ་གྱི་གཏམ་རྒྱུད་ཉན་གྱིན་སྨན་ལྷ་དོན་གྲུབ་ཐང་གའི་ཉམས་ལེན་ཁང་ལ་རྒྱུས་ལོན་ཞིབ་ཕྲ་བྱེད་འགོ་ཚུགས།

ཐང་གའི་རིག་གནས་དང་འགྲོགས་པའི་འཚར་ལོངས་ཀྱི་བརྒྱུད་རིམ།

ཐང་གའི་སྒྱུ་རྩལ་ལས་ལ་ཞུགས་ནས་མི་ལོ་སུམ་ཅུ་ལྷག་ཙམ་སོང་བའི་རྒན་དོན་གྲུབ་ལགས་ནི་ཆུང་བྱིས་པའི་དུས་ནས་རི་མོ་འབྲི་རྒྱུར་ཧ་ཅང་དགའ་པོ་ཡོད་པ་དང་། སློབ་ཆུང་འགྲིམ་སྐབས་མཛེས་རྩལ་སློབ་ཚན་ལ་སྤྲོ་སྣང་ལྷག་ཏུ་འཕེལ་སྟབས། འབྱུང་འགྱུར་རི་མོའི་སྒྱུ་རྩལ་པ་ཞིག་བྱེད་པའི་ཕུགས་འདུན་གྱི་ས་བོན་སྐབས་དེ་དུས་ནས་ཁོང་གི་སེམས་ཀྱི་ཞིང་སར་རྩ་བ་ཚུགས། གལ་སྲིད་རི་མོར་བཅངས་པའི་དགའ་ཞེན་ནི་ཁོང་ཐང་གའི་སྒྱུ་རྩལ་གྱི་ལམ་དུ་སྐྱོད་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་ན། ཁྱིམ་ཚང་གི་ཤུགས་རྐྱེན་ནི་ཁོང་སྒྱུ་རྩལ་གྱི་ལམ་བུ་དེར་བདེ་བླག་ངང་བསྐྱོད་ཐུབ་པའི་མཐུན་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན་ཏེ། ཁོང་གི་ཨ་ཞང་ནི་སྲོལ་རྒྱུན་གྱི་ཐང་གའི་རིག་གནས་རྒྱུན་འཛིན་པ་ཞིག་ཡིན་པས། ཚ་བོ་དོན་གྲུབ་རི་མོ་འབྲི་སྦྱོང་ལ་དགའ་པོ་ཡོད་པ་མཁྱེན་རྗེས། རང་གི་མྱོང་བའི་ལམ་ནས་དོན་གྲུབ་ལ་ཐང་ག་སྦྱངས་ན་ཡག་པོ་ཡོད་ལུགས་སྐོར་གསུངས་པ་དང་སྦྲགས། ཞར་དང་ཞོར་ལ་རི་མོ་འབྲི་སྟངས་འབྲི་ལུགས་ཀྱི་ཐད་ལ་མཛུབ་མོ་རི་སྟོན་ཚུལ་གྱི་སློབ་ཁྲིད་གནང་།

དེ་ལྟར་ཕྱི་ནང་གི་མཐུན་རྐྱེན་ཀུན་འཛོམས་དུས་མི་སྡོད་དུས་ཀྱི་འཁོར་ལོ་ཡང་དུས་རབས་ཉེར་གཅིག་གི་ཕང་བར་འཁོར། སྐབས་དེར་དོན་གྲུབ་ཀྱིས་བློ་གཤོགས་ཆེན་པོས་སློབ་གྲྭར་འགྲོ་མཚམས་བཞག་ནས་བློ་རྩེ་གཅིག་གིས་ཐང་ག་སྦྱོང་རྒྱུའི་བློ་ཐག་བཅད་དེ། སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་ཁྱབ་པའི་ལྷ་རིས་པ་གྲགས་ཅན་བསྟན་པ་རབ་བརྟན་མཆོག་དགེ་བའི་བཤེས་གཉེན་དུ་བསྟེན། ཁོང་གིས་སློབ་མ་ཚད་ལྡན་ཞིག་གི་མཚན་ཉིད་བཟུང་སྟེ། སློབ་དཔོན་བསྟན་པ་རབ་བརྟན་གཙུག་ཏུ་བཀུར་ཐོག་དམ་པ་ཁོང་གི་དྲུང་ནས་ཐང་གའི་སྒྱུ་རྩལ་གྱི་ཤེས་བྱ་ཕྲ་རགས་ཀུན་ལ་ལོ་གསུམ་རིང་རྟག་གུས་བརྩོན་པའི་སྦྱོར་བ་མ་ལྷོད་ལྷུར་དུ་བླངས་པས། མཐར་སྨན་ཐང་ལུགས་ཀྱི་ཐང་གའི་འབྲི་རྒྱུན་སྤྱིར་ན་ཁོང་དུ་གཏིང་ཟབ་ཆུད་པ་དང་། ཐང་ག་དང་འབྲེལ་བའི་བོད་ཀྱི་བཟོ་རིག་པའི་ཤེས་བྱ་ཕྲ་རགས་མང་པོར་ངེས་ཤེས་ཟབ་མོ་འདྲོངས།

དགེ་བའི་བཤེས་གཉེན་གྱི་མཚུངས་ཟླ་བྲལ་བའི་བཀའ་དྲིན་ལས་རང་ཉིད་ལ་གྲུབ་འབྲས་གང་ཙམ་ཐོབ་ཀྱང་། དོན་གྲུབ་ཀྱིས་ང་རྒྱལ་དང་རང་ཆེ་རང་མཐོང་གི་བརྟུལ་ཞུགས་རྒྱང་དུ་སྤངས་ནས། ཁེངས་སྐྱུངས་དང་བཅས་ཏེ་གཞུང་ལུགས་ལ་གཏིང་ཚུགས་པའི་ཉམས་ལེན་བྱེད་ཞོར་ཐང་ག་འབྲི་བཞེངས་ཀྱི་ལག་ལེན་དངོས་ལ་ཞུགས་ནས། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་དམ་ཟབ་ཡོང་བའི་སླད་དུ་མི་ལོ་མང་པོ་བརྩོན་འགྲུས་ཀྱི་ངང་ལ་འཁྱོལ།

ཇི་སྐད་དུ། ཕུགས་འདུན་ནི་མཛེས་སྡུག་ཇི་ལྟར་ལྡན་ཡང་། དོན་དངོས་ནི་གདུག་རྩུབ་ཅན་ཞིག་གོ་ཞེས་པ་ལྟར། སྐབས་དེ་དུས། ཁོང་གིས་རང་དང་ན་མཉམ་ཡིན་པའི་རོགས་པ་མང་པོ་སློབ་གྲྭ་མཐར་ཕྱིན་ནས་ལས་ཀར་ཞུགས་ཏེ། འཚོ་བའི་འཁོས་ཀ་ཡག་ཏུ་ཕྱིན་པ་མཐོང་སྐབས། ཡང་སྙིང་རང་གིས་བདམས་པའི་ལམ་དེ་འགྲིག་ཡོད་མེད་ལ་ཐེ་ཚོམ་སྐྱེས་མུར། ཐང་གའི་ལག་ཤེས་ཀྱི་མདུན་ལམ་རབ་རིབ་ཏུ་མཐོང་སྟེ། དེ་ལས་ཚོང་ཁང་ངམ་ཟ་ཁང་ཞིག་བཙུགས་ན་ངོ་ལེགས་པ་མེད་དམ་སྙམ་པའི་སོམ་ཉིའི་དབང་དུ་ཚུད། “བར་སྐབས་ཤིག་རིང་ངས་ལས་རིགས་གཞན་ལ་བརྟེན་ནས་རང་གི་མདུན་ལམ་ཡངས་སུ་གཏོང་བའི་ཚོད་ལྟ་བྱས་པ་ཡིན། ཚོད་ལྟ་དང་སྦྲགས་དཀའ་ལས་མང་པོ་བརྒྱབ་པའི་མཐའ་མ་ངས་སྲོལ་རྒྱུན་གྱི་ལག་ཤེས་ཐང་ག་འདི་ཉིད་མཐའ་འཁྱོལ་བ་བྱེད་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་དོན་གྲུབ་ཀྱིས་གདེང་ཚོད་ཆེན་པོས་བཤད།

སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ཐབས་ལམ་འཚོལ་ཞིབ་ལམ་བུ།

དེ་ལྟར་བགྲང་བྱ་སུམ་ཅུ་རས་དང་ཤོག་བུའི་ངོས་སུ་པིར་གྱི་རྐང་བུ་རེ་རེ་བྱས་ནས་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་ཐང་ག་དང་། དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་རི་མོའི་སྒྱུ་རྩལ་གསར་བཞེངས་ལ་ལྷོད་མེད་བརྩོན་པ་དལ་འགྲོའི་རྒྱུན་བཞིན་བསྐྱེད་པས། དོན་གྲུབ་ཀྱང་དགེ་ཕྲུག་ཆུང་ཆུང་ཞིག་ནས་སློབ་བུ་མང་པོར་ཐང་གའི་ལག་ཤེས་བུམ་པ་གང་བྱོའི་ཚུལ་དུ་སློབ་མཁན་གྱི་དགེ་རྒན་ཞིག་ཏུ་གྱུར་ཞིང་། ལས་བྱས་པ་ཆུད་མི་འཛའ་བའི་ཆོས་ཉིད་བཞིན། 2023ལོར་ཁོང་ལ་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་མཚན་སྙན་ཐོབ། དེས་ན། ཁོང་གིས་མཚན་སྙན་དེ་གཟི་བརྗིད་ཙམ་མ་ཟད་དེ་བས་འགན་འཁྲི་ཞིག་ཏུ་བརྩིས་ནས། ཐང་གའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་རྩེ་གཅིག་ཏུ་གཞོལ་བཞིན་ཡོད།

དེ་ཡང་ཁ་རྒྱུན་དུ་མཛུབ་མོ་གཅིག་གིས་གནམ་བརྟོལ་མི་ཐུབ་ཅེས་གྲགས་པ་ལྟར། རིག་གནས་ཤིག་མི་ཉམས་གོང་དུ་སྤེལ་དགོས་ན། མི་གཅིག་གི་ནུས་པས་མི་ལྕོགས་པ་དོན་གྲུབ་ཀྱིས་གསལ་པོར་ཤེས་སྟབས། ཁོང་གིས་སློབ་མ་སྐྱོང་བ་དང་ཐང་གའི་རིག་གནས་བསམ་བཀོད་ཐོན་རྫས་གསར་གཏོད་ཟུང་དུ་འབྲེལ་ནས་ཐང་གའི་རིག་གནས་འཕེལ་རྒྱས་གཏོང་བའི་ལས་ལ་ཞུགས།

ད་ཆ་དོན་གྲུབ་ལ་སློབ་མ་17ཡོད། ཁོང་གིས་སློབ་བུ་རྣམས་ལ་ཐང་གའི་རྨང་གཞི་ནས་འགོ་བཙུགས་ཏེ་མཛུབ་སྟོན་ཞིབ་ཕྲ་བྱེད་པ་མ་ཟད། སློབ་གཉེར་བ་ཚོས་ཐང་གའི་སྒྱུ་རྩལ་གང་དེའི་རིག་གནས་རྒྱབ་ལྗོངས་ལ་རྒྱུས་མངའ་དཔྱིས་ཕྱིན་པ་ལོན་ཆེད། ཐང་ག་དང་འབྲེལ་བའི་རིག་གནས་ལོ་རྒྱུས་ཀྱང་དེ་བསྟུན་གྱིས་སློབ་ཁྲིད་གནང་བཞིན་ཡོད། “ཐང་ག་འབྲི་ཐབས་ཙམ་མ་ཟད་དེ་འབྲེལ་གྱི་རིག་གནས་ལོ་རྒྱུས་སོགས་ཤེས་ཚེ། སྲོལ་རྒྱུན་གྱི་ཐང་གའི་སྒྱུ་རྩལ་འདི་ཉིད་དེང་གི་དུས་རབས་ཀྱི་རླབས་རྒྱུན་ཁྲོད་དུ་མི་ཉམས་གོང་འཕེལ་གཏོང་བར་ཕན་ཐོགས་ཆེན་པོ་ཡོད”ཅེས་ཁོང་གིས་དོ་དོ་ནན་ནན་གྱིས་བརྗོད།

རིག་གནས་ཤིག་དར་སྤེལ་གཏོང་དགོས་ན་དང་ཐོག་རིག་གནས་གང་དེ“ས་ལ་བབས་པ”བྱེད་དགོས། དེ་ནི་དོན་གྲུབ་ཀྱིས་ཐང་གའི་རིག་གནས་དར་སྤེལ་གཏོང་ཕྱོགས་ཐད་ཀྱི་བསམ་ཚུལ་ཞིག་ཡིན་ཞིང་། ཁོང་གིས་རང་གི་བསམ་པ་བཟང་པོ་དོན་དངོས་ཀྱི་ལག་ལེན་དུ་འཁྱོལ་ཆེད། སློབ་མ་རྣམས་ལ་ཉམས་ལེན་ཁང་དུ་ཡོང་མཁན་གྱི་ཚོགས་པ་དང་མི་སྣ་མི་འདྲ་བར་དམིགས་ནས་ཐང་གའི་རིག་གནས་ངོ་སྤྲོད་བྱེད་དུ་བཅུག་སྟེ། སྲོལ་རྒྱུན་གྱི་རིག་གནས་འདིར་ཀུན་གྱིས་རྒྱུས་ལོན་བྱེད་པའི་སྒོ་མོ་གསར་པ་ཞིག་ཕྱེ་ཡོད། “མི་ཚང་མ་ཕུལ་དུ་བྱུང་བའི་སྒྱུ་རྩལ་འདི་ལ་དགའ་ཞེན་ཡོང་བར་བྱེད་དགོས་ན། ཐོག་མར་ཐང་ག་འདི་ཉིད་གྱང་ལྡེབས་སུ་འགེལ་བའི་རི་མོ་ཁོ་ནར་བརྩི་མི་རུང་བར། དེའི་རྒྱུན་གཏན་གྱི་རི་མོའི་ཆ་ལག་མི་རྣམས་ཀྱི་འཚོ་བའི་ཁྲོད་ཀྱི་སྤྱོད་གོ་ཆོད་པའི་མཁོ་ཆས་སུ་སྤྱད་ནས་འཚོ་བ་དངོས་དང་འོ་ཆུ་གཅིག་འདྲེས་ཡོང་བར་བྱེད་དགོས”ཞེས་དོན་གྲུབ་ཀྱིས་མྱོང་བ་ཟབ་མོས་བརྗོད།

ཐང་གའི་རིག་གནས་དར་སྤེལ་གཏོང་བའི་འདུན་པ་དྲག་པོ།

“ཉམས་ལེན་ནི་རིག་གནས་དར་སྤེལ་གཏོང་སྟངས་རྣལ་མ་ཞིག་རེད”འདི་ནི་ལོ་མང་རིང་ཐང་གའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ལག་ལེན་ཁྲོད་དོན་གྲུབ་ལ་བློ་བསྐྱེད་ཟབ་མོ་བྱུང་བའི་ཆོད་སྡོམ་ཞིག་ཡིན་པ་མ་ཟད། ཁོང་གི་མ་འོངས་ལོ་ཟླའི་འབད་འཐབ་ཀྱི་དམིགས་ཚད་ཀྱང་རེད།

རྒན་དོན་གྲུབ་ལགས་ཀྱིས་སློབ་མ་བསྡུས་ཏེ་ལས་རིགས་འདིར་མཁོ་བའི་ལྷ་རིས་པ་མང་པོ་གསོ་སྐྱོང་བྱེད་བཞིན་ཡོད་པ་མ་ཟད། ཁོམ་པ་དང་གོ་སྐབས་བྱུང་ཚེ། ཁོང་གིས་ཐང་གའི་རིག་གནས་འདི་དང་འབྲེལ་བའི་ལས་རོགས་ཕན་ཚུན་དང་ཉམས་མྱོང་ཅན་མང་པོའི་དབར་བགྲོ་གླེང་གནང་ནས། ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ཐང་གའི་སྒྱུ་རྩལ་འདི་ཉིད་ལ་ཟུངས་ཁྲག་གསར་པ་འདྲེན་པའི་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད།

2025ལོའི་ཟླ་བ་བརྒྱད་པར་ཁོང་གིས་སྨན་ལྷ་དོན་གྲུབ་ཐང་གའི་ཉམས་ལེན་ཁང་དངོས་སུ་བཙུགས་ནས་སྒོ་ཕྱེ་བ་རེད། ཉམས་ལེན་ཁང་གི་མིང་འདི་ནི་རང་གི་དགེ་བའི་བཤེས་གཉེན་བསྟན་པ་རབ་བརྟན་མཆོག་ནས་གསོལ་གནང་བྱུང་ཞེས་དོན་གྲུབ་ཀྱིས་དགའ་སྣང་ཆེན་པོས་བཤད། ཉམས་ལེན་ཁང་འདི་ནི་ཐང་ག་འབྲི་སྦྱོང་བྱེད་སའི་སློབ་གླིང་ཞིག་ཡིན་པ་མ་ཟད། ཐང་གའི་སྒྱུ་རྩལ་འདི་དང་འབྲེལ་བའི་རིག་གནས་བསམ་བཀོད་ཐོན་རྫས་སྣ་ཚོགས་གསར་གཏོད་དང་ཉམས་ལེན་བྱེད་སའི་གནས་ཁྱད་པར་བ་ཞིག་ཀྱང་རེད།

ཐོག་སོ་གཉིས་ལྡན་གྱི་ཉམས་ལེན་ཁང་འདིའི་འོག་ཤོད་ནི་རིག་གནས་བསམ་བཀོད་ཐོན་རྫས་འགྲེམས་སྟོན་དང་ཉམས་ལེན་བྱེད་ས་ཡིན་པ་དང་། ཉིས་ཐོག་ཏུ་སློབ་མ་རྣམས་ཐང་ག་འབྲི་སྦྱོང་བྱེད་ཁུལ་དང་སྐུ་མགྲོན་གྱིས་ཐང་གའི་རིག་གནས་ལ་ཉམས་ལེན་བྱེད་ཁུལ། ཐང་ག་དང་བོད་རུམ་འགྲེམས་སྟོན་བྱེད་ཁུལ་སོགས་ཡོད། ཉིས་ཐོག་གི་དབུས་སུ་བསྒྲིགས་པའི་སྒྲོམ་སྟེགས་ནར་མོ་ཞིག་ཏུ་ཐང་གའི་ལོ་རྒྱུས་དང་འབྲེལ་བའི་དཔེ་ཆ་དང་། རང་བྱུང་གི་གཏེར་རྡོ་དང་གཏེར་ཚོན་སྣ་ཚོགས་བླུགས་པའི་ཚོན་ཀོང་བསྒྲིགས་ཡོད་པ་དང་། གཡས་ངོས་ཀྱི་སྒེའུ་ཁུང་འཁྲིས་སུ་རྒན་དར་གཞོན་གསུམ་གྱིས་ཉམས་ལེན་བྱས་ནས་བྲིས་པའི་ཡེ་ཤེས་ཀྱི་སྤྱན་དང་། དུང་དཀར་གཡས་འཁྱིལ། བཀྲ་ཤིས་རྟགས་བརྒྱད། མཐུན་པ་སྤུན་བཞི་སོགས་ཀྱི་རི་མོ་བསྒྲིགས་ཡོད་པ་མ་ཟད། བྱིས་པ་ཚོས་དགའ་པོ་བྱེད་པའི་ཀོ་ཕིག་ཙི་ཙི་དང་། ནེ་ཀྲ་ལ་སོགས་ཀྱི་རི་མོའང་ཡོད་པས། དེང་རབས་ཀྱི་འཚོ་བའི་སྣང་བརྙན་སྲོལ་རྒྱུན་གྱི་ཐང་གའི་རི་མོར་ཕབ་པ་དང་། སྲོལ་རྒྱུན་གྱི་ཐང་གའི་རི་མོ་དེང་རབས་ཀྱི་འཚོ་བའི་མཁོ་ཆས་སུ་མངོན་པ་སོགས་སྲོལ་རྒྱུན་དང་དེང་རབས་གཅིག་ལ་གཅིག་རྒྱན་གྱི་སྒྱུ་རྩལ་གསར་གཏོད་ཀྱི་ལག་ལེན་ལ་ཚོད་ལྟའི་ལམ་བུ་གསར་པ་ཞིག་གནས་འདི་ནས་གཏོད་བཞིན་ཡོད་པར་མཐོང་།

ལོ་ངོ་དྲུག་བརྒྱ་ལྷག་ཙམ་གྱི་ཆར་རླུང་ཁྲོད་སྨན་ཐང་ལུགས་ཀྱི་ཐང་གའི་འབྲི་རྒྱུན་འདི་ཉིད་ལྷ་རིས་པ་མང་པོས་པིར་གྱི་རྐང་བུ་རེ་རེར་བརྟེན་ནས་རྒྱུན་འཛིན་བྱས་པ་དང་། དེང་གི་དུས་རབས་གསར་པའི་སྤྱི་ཚོགས་ཁྲོད་དུའང་གསོན་ཤུགས་གསར་པ་རྒྱས་བཞིན་མཆིས། སྤྱིར་ན་ལྷ་རིས་པ་མང་པོར་མཚོན་ན། ཐང་ག་ནི་འཚོ་བའི་ཁ་ཐབས་འཕྱིད་པའི་ལག་ཤེས་ཤིག་ཡིན་པ་མ་ཟད། དེ་བས་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་དང་རིག་གནས་རྒྱུན་འཛིན་བྱེད་ཐབས་ཤིག་ཀྱང་རེད། བཅར་འདྲི་མཇུག་འགྲིལ་མ་ཐག་རྒན་དོན་གྲུབ་ལགས་ངལ་ཕྲན་བུའང་གསོ་ཁོམ་མ་བྱུང་བར་མུ་མཐུད་སློབ་ཁྲིད་གནང་བར་ཕེབས།

ཁོང་གི་རྒྱབ་གཟུགས་སྒྲོམ་སྟེགས་ནར་མོ་དེའི་རྒྱབ་ནས་ཡལ་སྐབས། གཏེར་རྡོ་དང་། རྡོ་ཚོན། པིར་སྨྱུག ཚོན་སྦྱོར་སོགས་ཐང་ག་འབྲི་བར་མཁོ་བའི་རྒྱུ་ཆ་གང་དགོས་སྟར་དུ་བསྒྲིགས་པའི་སྒྲོམ་སྟེགས་དེའི་དབུས་སུ། པིར་གྱི་རྐང་བུ་རེ་རེ་ལས།། དོན་གྱི་ལག་ལེན་རེ་རེ་མཚོན།། ཁྲི་སྟོང་སློབ་བུའི་ཉམས་ལེན་ཁྲོད།། ཐང་གའི་ལས་རིགས་ཡར་འཕེལ་ཤོག་ཅེས་པའི་ཚིགས་བཅད་ཤོ་ལོ་ཀ་ཞིག་གསར་འགོད་པའི་མིག་ངོར་གསལ་ལེར་འཆར།