《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月18日

ཁྲིམས་ལྟར་འགན་འཁྲི་བསྒྲུབས། དམངས་ཀྱི་སེམས་ཁྲལ་བསལ།

—— 2025ལོའི་ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྐོར་གྱི་སྒྲིལ་གླེང་།

འདི་ནི་ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ལྷུན་རྩེ་རྫོང་དུ་རྟོག་ཞིབ་བྱེད་བཞིན་པ།

ལོ་གཅིག་རིང་། ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་དབང་ཁག་ཁྲིམས་ལྟར་ལག་ལེན་བསྟར་ནས། ལྷོ་ཁ་གྲོང་ཁྱེར་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིང་ནས་འབད་འབུངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད།

ཆབ་སྲིད་ཀྱི་སྤྱི་འདོམས་མཐའ་འཁྱོངས་བྱས་ནས།

ཁྲིམས་སྐྱོང་འཛུགས་སྐྱོང་གི་གཞི་རྩར་འགན་ལེན་བརྟན་པོ་བྱས་པ།

ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་དེ་མི་དམངས་འཐུས་ཚོགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། ལས་འགན་དང་འགན་འཁྲི་ལྷག་བསམ་རྣམ་དག་གིས་བསྒྲུབས་ནས་ཁྲིམས་ལྟར་གྲོང་ཁྱེར་སྐྱོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་ཏན་ཏིག་བཏང་ཡོད།

ཆབ་སྲིད་ཀྱིས་སྣེ་འཁྲིད་རྒྱུར་ཤུགས་བརྒྱབ་ནས་ལྷོ་ཁ་གྲོང་ཨུད་ལ་ལོ་ཧྲིལ་པོར་གལ་ཆེའི་དོན་གནད་ཐེངས་30ལྷག་ཙམ་དགོངས་སྐོར་སྙན་སེང་ཞུས་པ་དང་། “གཙོ་གནད་གཅིག་དང་འཆར་གཞི་བཞི”བཟོས་ནས་ལག་ལེན་བསྟར་ཏེ་སྐོར་ཞིབ་བཅོས་སྒྲིག་ལ་ལྟ་སྐུལ་དང་། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་བར་རོགས་རམ་བྱེད་པ་སོགས་ཀྱི་ཆེད་དོན་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ཡོད།

ཆུ(མཚོ)དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་ཀྱི་འགན་འཁྲི་དང་། གྲོང་གསེབ་དར་རྒྱས་ཀྱི་ཆ་སྒྲིག་རོགས་སྐྱོར་ནན་ཏན་གྱིས་བསྒྲུབས་པའི་ཐོག་རྫོང་དང་ཤང་དང་། དགོན་སྡེ། ཁེ་ལས། ལས་ཞུགས་ཐུབ་མེད་པའི་སློབ་གྲྭ་ཆེ་མོ་བ་སོགས་ཀྱི་ལས་དོན་དང་འབྲེལ་གཏུག་བྱས་ཏེ། ཏང་ཨུད་ཀྱི་ལས་ཀའི་གཙོ་གནད་གང་དུ་ཡོད་ན་དེར་མི་དམངས་འཐུས་ཚོགས་ཀྱི་ལས་དོན་རྗེས་སུ་སྙེག་པ་དང་། སྟོབས་ཤུགས་དེ་གར་གཅིག་སྡུད། ནུས་པ་དེ་གར་འདོན་པ་བཅས་ཏན་ཏིག་བྱས་ཡོད།

དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་སྒྲུབ་རིང་། ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱ་ཚ་རྫོང་གླིང་མདའ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཤང་ཀྲང་བཅས་ཡིན་པའི་ཚེ་བརྟན་བཀྲ་ཤིས་ཀྱིས་ཟླ་རེར་ཉིན་ལྔ་བེད་སྤྱད་དེ་དུད་ཚང་དང་ཞིང་ནང་ལ་བསྐྱོད་པ་དང་། དབུལ་སྒྲོལ་དུད་ཚང་ལ་འཚམས་འདྲི་བྱས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་མཐིལ་རྟོགས་བྱེད་ཀྱི་ཡོད།

ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་མཐའ་འཁྱོངས་བྱས་ནས་རྩ་ཁྲིམས་དམ་བཅའི་ལམ་ལུགས་ལག་ལེན་ནན་པོ་བསྟར་ཡོད། ལྷོ་ཁ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་ཤིན་ཡུན་ཅང་གིས“སྒམ་ནན་ལྡན་པའི་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་སྐབས་ཕྲག་ཏུ་འཁུར་བའི་འགན་འཁྲི་སྔར་བས་གསལ་པོར་རྟོགས་བྱུང་བས། ངས་ཁྲིམས་སྐྱོང་གི་བསམ་གཞིག་ལ་བརྟེན་ནས་ལྷོ་ཁའི་རི་སྔོན་ཆུ་དྭངས་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན”ཞེས་བཤད།

ལྟ་སྐུལ་གནད་སྨིན་ཡོང་བར་ཤུགས་བརྒྱབ་ནས།

ལྟེ་བ་དང་སྤྱི་ཡོངས་ལ་ཞབས་ཞུར་སྤུས་འབྲས་ལེགས་གཉེར་ཡོང་བར་བྱས་པ།

ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཐབས་ཇུས་བཀོད་སྒྲིག་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ལྟ་སྐུལ་བྱེད་སྟངས་གསར་གཏོད་དང་ལྟ་སྐུལ་གྱི་ཕན་འབྲས་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཕན་འབྲས་དངོས་ཐོན་པར་བྱས་ཡོད།

མཐའ་མཚམས་ཀྱི་བདེ་སྲུང་འཛིང་རགས་བརྟན་པོ་བསྐྲུན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྐམ་སའི་རྒྱལ་མཚམས་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་སོགས་ཀྱི་ཆེད་དོན་བརྟག་ཞིབ་དང་ཁྲིམས་སྒྱུར་ཞིབ་བཤེར་གཞོགས་འདེགས་བྱས་ནས་སྤེལ་ཞིང་། འཐུས་མིའི་འགན་སྒྲུབ་མཐའ་སྲུང་གི་ནུས་པ་གང་ལེགས་བཏོན་ནས་གྲོང་ཁྱེར་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་1097གྱིས“མཐའ་བརྟན་མཐའ་དར་གྱི་ལས་གནས”རྩིས་བླངས་ནས་འགན་འཁྲི་ཧུར་ཐག་བསྒྲུབས་ཡོད། “མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”དང“འཐུས་མིའི་འབྲེལ་གཏུག་ས་ཚིགས”བརྒྱུད་ཁྲིམས་སྐྱོང་ལ་བརྟེན་ནས་མཐའ་མཚམས་སྟོབས་ཆེར་གཏོང་རྒྱུ་དེ་ཟླ་རེའི“སློབ་སྦྱོང་གསོ་སྦྱོང་ཉིན་མོ”དང་། “འདེམས་དམངས་ལ་འབྲེལ་གཏུག་གིས་སྣེ་ལེན་ཉིན་མོ”“གཅིག་སྡུད་གྲོས་བསྡུར་ཉིན་མོ”སོགས་ཀྱི་བྱེད་སྒོར་མཉམ་འདྲེས་བྱས་ཏེ། མཐའ་མཚམས་མི་དམངས་ཕྱུག་འགྱུར་དང་། མཐའ་མཚམས་འགག་སྒོ་མཛེས་སྡུག མཐའ་མཚམས་བརྟན་ལྷིང་། མཐའ་སྲུང་སྲ་བརྟན་བཅས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནས་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཡོད།

འཐུས་མིའི་ལས་དོན་གཏིང་ཟབ་སྤེལ་ནས།

བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལག་ལེན་རྒྱ་བསྐྱེད་པ།

ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་འཐུས་མིའི་ལས་དོན་དེ་འགག་རྩའི་དམ་འཛིན་བྱ་གཞིར་བརྩིས་ནས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རྟེན་གསར་གཏོད་བྱེད་པ། ལས་གནས་ཐོག་འགན་འཁྲི་སྒྲུབ་པ། གྲོས་འགོ་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་པ་སོགས་ཐད་བརྒྱུད་རིམ་ལྡན་པའི་ངང་ཤུགས་བརྒྱབ་སྟེ། རྒྱུན་ཆད་མེད་པར་རྨང་གཞི་བརྟན་དུ་གཏོང་བ་དང་། གསོན་ཤུགས་འཕེལ་བར་བྱེད་པ། ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཁར། འཐུས་མིའི་ལས་དོན་གྱི་སྤུས་ཚད་སྤྱི་ཡོངས་ནས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་རྒྱུར་འདེགས་སྐྱོར་བརྟན་པོ་བྱས་ཡོད།

གྲོས་འགོ་སྒྲུབ་གཉེར་གྱི་ཕན་འབྲས་ཆེ་རུ་བཏང་ཞིང་། ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་འདུ་ཐེངས་བརྒྱད་པ་འཚོག་རིང་འཐུས་མིས་བཏོན་པའི་གྲོས་འགོ་76དང་། ཚོགས་འདུ་གྲོལ་རྗེས་ཕུལ་བའི་གྲོས་འགོ་1 གྲོས་ཞིབ་གཏམ་བཤད་ནང་བཏོན་པའི་བསམ་འཆར་428བཅས་བསྒྲུབ་རྒྱུར་རྩིས་སྤྲད་པ་རེད། “ལོ་བརྒལ་གྱི་སྒྲུབ་སྐུལ”དང“གཙོ་གནད་སྒྲུབ་སྐུལ”སོགས་ཀྱི་བྱ་ཐབས་སྤྱད་དེ། གཙོ་གནད་གྲོས་འགོ་7ལ་ཆེད་སྤྱོད་གྲོན་དངུལ་སྒོར་ཁྲི་500ཡིས་རྒྱབ་སྐྱོར་བྱས་པ་དང་། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ནས་དོན་འཁྱོལ་ཐུབ་པར་བྱས་ཏེ། འཐུས་མིའི་གྲོས་འགོ་ཚང་མ་དོན་ཐོག་ཏུ་འཁྱོལ་བ་དང་ཚང་མར་ལན་ཡོད་པར་སྐུལ་འདེད་བཏང་བ་རེད།

(པ་སངས་ཚེ་རིང་དང་སྐལ་བཟང་མཆོག་སྐྱིད་ཀྱིས་སྒྱུར་ཞུས་བྱས)