《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月18日

བོད་རང་སྐྱོང་ལྗོངས་ཀྱི་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན།

—— 2026ལོའི་ཟླ་དང་པོའི་ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག

རང་སྐྱོང་ལྗོངས་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་ནས།

འཐུས་མི་རྣམ་པ།

རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར། ད་ལྟ་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་གྱི་སྙན་སྒྲོན་འདིར་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་ཞིབ་བཤེར་གནང་རོགས་ཞུ་རྒྱུ་མ་ཟད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་ཟུར་ཞུགས་པ་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་གནང་།

གཅིག 2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་ལ་གཟིགས་ཞིབ་གནང་བར་ཕེབས་སྐབས་ཀྱི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཐོག གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་འཕྱུགས་པ་མེད་པར་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ“མངོན་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་ཀྱིས“དོན་ཆེན་བཞིར”དམིགས་པ་དང་འཛུགས་གཏོད་བཞིར”ནུས་ཤུགས་གཅིག་ཏུ་བསྒྲིལ་ཏེ། དཔལ་འབྱོར་བརྩོན་གཉེར་དང་གོང་འཕེལ་ལ་དམ་འཛིན་བྱ་རྒྱུར་ཤུགས་བརྒྱབ་པར་བརྟེན། ཐོན་ལས་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་སོང་བ་དང་། བསྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སོང་བ། མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ཇེ་ལེགས་སུ་སོང་བ། སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་དུ་སོང་བ། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་སྤྱི་ཡོངས་བརྟན་ལ་བརྟན་ཐོག་ཡར་འཕེལ་བྱུང་ཡོད། 2025ལོར། ས་གནས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་7.0%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་བྱེད་ཚད་17.2%འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་འཚོང་བྱས་འབོར་4.4%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་12.4%འཕར་བ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དང་གཏོང་སྒོ་ཁག་སོ་སོར་14.7%དང་6.3%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་ཁག་སོ་སོར་6.0%དང་7.4%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་ཁོངས་ཀྱི་ལས་ཤོར་བསྡུར་ཚད་5%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བཅས་ལ་བརྟེན། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་མཐའ་འཁྱོངས་ཐུབ་ཡོད།

(གཅིག) “ལོ་ལྔ་ཚན་བཅུ་བཞི་པ”བདེ་བླག་ངང་མཇུག་བསྡུས་པ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་ཞིང་། རིགས་ལྔའི་དམིགས་ཚད་ཁག་25སྤྱིའི་ཆ་ནས་ལེགས་གྲུབ་བྱུང་ཞིང་སྔོན་དཔག་དང་མཐུན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རྣམ་གྲངས་ཀྱི་ཇུས་གཞི་ལག་བསྟར་ཡག་པོ་བྱུང་བ་སྟེ། མ་འཇོག་དོན་འཁྱོལ་བྱས་པ་དེ་འཆར་འགོད་ཀྱི་དམིགས་ཚད་ལས་6%བརྒལ་ཡོད་པ་དང་། གཙོ་གནད་ལས་གྲྭ་ཁག་151ནས་ལས་གྲྭ་ཁག་67ལས་མཇུག་བསྒྲིལ་ཟིན་པ་དང་ལས་གྲྭ་ཁག་84སྐྲུན་བཞིན་ཡོད། “འཛུགས་གཏོད་བཞིའི”གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་པོ་སྤོ་ཐུབ་ཡོད།

(གཉིས) ནུས་ལྡན་མ་འཇོག་བྱེད་རྒྱ་རྒྱུན་མཐུད་ཆེ་རུ་བཏང་བ། གཅིག་ནི་རྣམ་གྲངས་མ་འཇོག་དོན་འཁྱོལ་ཧུར་ཐག་བྱས་པ། “རྣམ་གྲངས་གལ་ཆེན་གྱི་འགག་སྒྲོལ་ལོའི”བྱ་སྤྱོད་སྤེལ་བ་དང་། བཀོད་གཏོང་ལམ་སྲོལ་ལེགས་སྒྱུར་དང་འཐུས་ཚང་དུ་བཏང་བ། འགན་གཙང་ལེན་གྱིས་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་བཏང་བ་བཅས་ལ་བརྟེན་ནས“གཙོ་གལ་གཉིས”ཀྱི་རྣམ་གྲངས་ལས་འགོ་ཚུགས་ཚད་100%ཟིན་པ་དང་། ཁྲོན་བོད་ལྕགས་ལམ་མགྱོགས་མྱུར་ངང་སྐུལ་སྤེལ་བཏང་བ། ཡར་སྨད་ཆུ་ཤུགས་གློག་ཁང་དང་སྤོ་བོ་རྫོང་ནས་ར་འོག་བར་གྱི་ལྕགས་ལམ་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད། རྒྱལ་ལམ་318དང་། རྒྱལ་ལམ་219 རྒྱལ་ལམ་109བཅས་ཀྱི་ལེགས་གཏོང་སྒྱུར་བཟོ་ཇེ་མགྱོགས་སུ་བཏང་བ་དང་། ཁྲོན་བོད་ལྕགས་ལམ་གྱི་ལེ་ལག་གཞུང་ལམ་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་ཡོད། སྤྱི་སྤྱོད་གནམ་ཐང་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཡོད། ཤངས་ཆུ་དང་ལ་ལྷོ་ཆུ་བེད་ལྟེ་གནས་དང་དེ་བཞིན་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་གཏོང་ལས་གྲྭ་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་ཤིང་། བར་རྩེ་དང་། ཕུ་མདོ་ཆུ་འདྲེན། མེ་འབར་ཐང་སོགས་ཆུ་བེད་ལས་གྲྭ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཡོད། གཙོ་གནད་རྣམ་གྲངས་ཐད་མ་འཇོག་སྒོར་དུང་ཕྱུར་2125དོན་འཁྱོལ་བྱས་ཡོད། གཉིས་ནི་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ། སྔོན་རྩིས་ནང་གི་མ་འཇོག་དོ་དམ་བྱ་ཐབས་དག་བཅོས་བྱས་པ་དང་། རྣམ་གྲངས་ཀྱི་དུས་འགོའི་ལས་ཀའི་སྦྱོང་བརྡར་སྤྲས་པ། དྲ་ཐོག་གི་ཞིབ་མཆན་ལྟ་སྡོམ་ལེགས་སྒྱུར་བྱས་པ། མཉམ་བཤེར་མཉམ་མཆན་དང་ཆད་རུང་རྗེས་གསབ་ལམ་སྲོལ་ཞིབ་འཇུག་དང་གཏན་འབེབས་བྱས་པ། ཚོད་སྐོར་དང་ལྟ་སྐུལ་མཛུབ་ཁྲིད་བྱས་འབྲས་སྤྱོད་ཤུགས་ཆེ་རུ་བཏང་བ་བཅས་ཀྱི་ཐོག་ནས་མ་འཇོག་གི་ཕན་འབྲས་ཆེ་རུ་འགྲོ་གང་ཐུབ་བྱས་ཡོད།

(གསུམ) འཛད་སྤྱོད་ཀྱི་གདིང་ཤུགས་ཟམ་མི་ཆད་པར་འདོན་སྤེལ་བྱས་པ། གཅིག་ནི“གསར་གཉིས”སྲིད་ཇུས་ཁྱབ་རྒྱ་ཆེ་རུ་བཏང་བ། “1+N”ཡི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་རྒྱུན་མཐུད་སྐུལ་འདེད་བཏང་ནས་མ་དངུལ་སྒོར་དུང་ཕྱུར་5.4དོན་འཁྱོལ་བྱས་པ་དང་། འཛད་སྤྱོད་སྒོར་དུང་ཕྱུར་30ལས་བརྒལ་བ་སྐུལ་ཁྲིད་བྱས་ནས་སྒྲིག་ཆས(ཚང་སྒྲིག)1100དང་གློག་སྐས་རྙིང་པ་59གསར་བརྗེས་སྒྱུར་བཟོ་བྱས་ཡོད། གཉིས་ནི་འཛད་སྤྱོད་ཆེར་སྐྱེད་ཀྱི་ཕན་འབྲས་མངོན་གསལ་དོད་པོ་བྱུང་བ། “བདེ་སྐྱིད་ལྡན་པའི་བོད་ལྗོངས། དགའ་བདེར་རོལ་བའི་འཚོ་བ”ཞེས་པ་སོགས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་ནས་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ལ་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་8.25བཏང་བས་འཛད་སྤྱོད་སྒོར་དུང་ཕྱུར་75.1སྐུལ་ཁྲིད་ཐུབ་ཡོད། སྡོད་ཁང་ཉོ་བའི་ཁ་གསབ་སྲིད་ཇུས་ལག་བསྟར་ཤུགས་ཆེ་བྱས་ནས་ཚོང་སྒྱུར་སྡོད་ཁང་ཕྱིར་ཚོང་བྱས་པའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་91.21ཟིན་ནས་21.3%འཕར་བ་དང་། ཕྱིར་ཚོང་སྒོར་དུང་ཕྱུར་87.98ཟིན་ནས་28.8%འཕར་ཡོད། གསུམ་ནི་ལས་རྣམ་ཡུལ་རྣམ་སྐྱེད་སྲིང་ནུས་ལྡན་བྱས་པ། “ལྷ་སའི་མཚན་མོའི་གྲོང”དང“ལྷོ་ཁའི་ཡར་ཀླུང་ནང”སོགས་ཁྱད་ལྡན་མཚན་མོའི་ཁྲོམ་གཞུང་ཁུལ་30ལྷག་ཙམ་བསྐྲུན་ཟིན་པ་དང་། ལྷ་ས་གྲོང་ཁྱེར་འདི་ཉིད་རྒྱལ་ཡོངས་ཀྱི་སིལ་ཚོང་ལས་རིགས་གསར་གཏོད་རིམ་སྤོར་དང་དེ་བཞིན་འཛད་སྤྱོད་ཀྱི་ལས་རྣམ་གསར་པ་དང་། དཔེ་རྣམ་གསར་པ། ཡུལ་རྣམ་གསར་པ་བཅས་ཀྱི་ཚོད་ལྟའི་གྲོང་ཁྱེར་ཁག་དང་པོར་བདེ་བླག་ངང་ཚུད་ཡོད། ཧའེ་ཏི་ལའོ་དང་ཞི་ཧར་ཏུན་སོགས་ཚོང་རྟགས་གྲགས་ཅན་གྱི་ཟ་ཁང་དང་མགྲོན་ཁང་བོད་དུ་ཐོག་མར་བཙུགས་པས་དཔེ་སྟོན་སྐུལ་ཁྲིད་ཀྱི་ཕན་ནུས་དེ་བས་མངོན་གསལ་དོད་དུ་སོང་ཡོད།

(བཞི) ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་དང་འབོར་ཚད་མཐོ་རུ་བཏང་བ། ཐོན་ལས་དང་པོ་རྒྱུན་ཆད་མེད་པར་ལེགས་སུ་སོང་བ། ནས་འབྲུའི་ཐོན་ལས་གོང་འཕེལ་ཚོགས་ཆེན་སྐབས་དང་པོ་འཚོགས་པ་དང་། འབྲུ་སྣུམ་ལོ་ཏོག་གི་མུའུ་རེའི་ཐོན་ཚད་མཐོར་གཏོང་བྱ་སྤྱོད་སྤེལ་བས་འབྲུ་རིགས་ཐོན་འབོར་ཀྲོན་ཁྲི་115ཟིན་ཞིང་། དེའི་ནང་འབྲུ་ཀྲོན་ཁྲི་90.53ཡོད། གཟན་རྩྭ་འདེབས་འཛུགས་བྱེད་པོའི་ཁ་གསབ་དང་ཕྱུགས་རྩྭ་སྔོ་འགྱུར་དུས་ཚིགས་སུ་རྩྭ་ར་བསྙལ་བའི་གུན་གསབ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་པ་དང་། ཤ་སྒོང་དཀར་ཆུ་དང་སྔོ་ཚལ་བཅས་ཀྱི་ཐོན་འབོར་ཚང་མ་ཀྲོན་ཁྲི་བརྒྱ་ལས་བརྒལ་ཡོད་པ། ཞིང་འབྲོག་ཐོན་རྫས་བཟོ་སྣོན་ལས་རིགས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་96.8ཟིན་ནས་10.3%འཕར་ཡོད། ཐོན་ལས་གཉིས་པ་རྒྱུན་མཐུད་ངང་སྟོབས་ཆེར་སོང་བ། བོད་ཀྱི་ཤར་ལྷོ་དང་། རྫ་ཆུའི་སྟོད་རྒྱུད། འབྲི་ཆུའི་སྟོད་རྒྱུད་བཅས་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། བོད་ནས་ཀོང་ཏུང་བར་གྱི་ཆེས་མཐོ་གནོན་གྱི་ཐད་རྒྱུག་གློག་འདྲེན་ལས་གྲྭ་སྐྲུན་འགོ་ཚུགས་པ། མཚོ་བོད་ཀྱི་ཐད་རྒྱུག་གློག་འདྲེན་དུས་ཐེངས་གཉིས་པ་དང་འབྲི་ཆུའི་སྟོད་རྒྱུད་ནས་ཧུའུ་པེ་བར་གྱི་ཆེས་མཐོ་གནོན་གློག་འདྲེན་ལས་གྲྭ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཡོད་པར་བརྟེན། ནུས་རྒྱུ་གཙང་མའི་གློག་ཤུགས་འཕྲུལ་ཚན་ནས་གློག་གཏོང་ཚད་སྟོང་ཝ་ཁྲི་1300ཟིན་པ་དང་། ནུས་རྒྱུ་གཙང་མའི་ཕྱིར་གཏོང་གློག་ཤུགས་སྟོང་ཝ་དུང་ཕྱུར་66ཟིན་ཡོད། རེས་སྐོར་གསར་པའི་གཏེར་འཚོལ་ཚད་བརྒལ་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས་འབྱུང་འཕྲོད་གཏེར་རིའི་ཡུལ་དངོས་ཚོགས་འདུ་འཚོགས་ཏེ་འབྱུང་འཕྲོད་གཏེར་རི་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་བྱེད་ཐབས་འགའ་ཞིག་དང་རྒྱལ་ཡོངས་ཀྱི་རྡོ་སོལ་མིན་པའི་རིག་ནུས་གཏེར་རིའི་ཚོད་སྐོར་དམིགས་ཚད་མ་ལག་ཐོག་མ་བཟོས་ཡོད། ཅུས་ལུང་ཟངས་གཏེར་གྱི་དུས་ཐེངས་གཉིས་པ་དང་། ལག་སྐོར་ཚྭ་མཚོའི་ལིས་གཏེར། ནུང་ཧྥུ་ཧྲན་གཏེར་ཆུ་སོགས་བཟོ་ལས་རྣམ་གྲངས་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་དང་། སྣང་རྫོང་གི་མཐོ་བརྩོན་ཨར་འདམ་གནས་སྤོའི་འཛུགས་སྐྲུན་ལས་དོན་སྤེལ་བ། དཔའ་ཤོད་དུང་དཀར་ཨར་འདམ་དུལ་མའི་ཐོན་ནུས་ཚབ་བརྗེས་ལེགས་གྲུབ་བྱུང་བ། ལྷོ་ཁའི་སྣམ་བུ་འཁལ་འཐག་གྱོན་ཆས་ཚོགས་སྤྱི་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་ནང་ཚུད་པ། རང་སྐྱོང་ལྗོངས་རིམ་པའི་འབྱུང་འཕྲོད་བཟོ་གྲྭ་11བསྐྲུན་ཟིན་པ། ས་མཐོའི་ཐབ་ཆས་ཕྱིར་ཚོང་དངུལ་གྲངས་སྒོར་དུང་ཕྱུར་5.1ཟིན་ཡོད། བོད་ལུགས་གསོ་རིག་གི་ཐོན་ལས་འཁོར་འབྲེལ་གསར་གཏོད་འཆར་གཞི་ལག་བསྟར་བྱས་ནས་བོད་སྨན་གསར་པ་ཞིབ་འཇུག་གསར་སྤེལ་དང་སྨན་གྲུབ་མ་གསར་སྤེལ་ཐེངས་གཉིས་པ་བྱེད་མགྱོགས་སུ་བཏང་བ་དང་། བོད་སྨན་སྨན་རྒྱུ་འདེབས་ཁྱོན་མུའུ་ཁྲི་80.3ཟིན་པ། བོད་ལུགས་གསོ་རིག་གི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་35ཟིན་ཡོད། ཐོན་ལས་གསུམ་པ་བརྟན་པོའི་ངང་འཕར་བ། ནོར་སྲིད་ཀྱིས་ཚན་རྩལ་ཐད་གཏོང་ཤུགས་ལྡབ་འགྱུར་འཕར་བ་དང་། ས་མཐོར་སྤྱོད་གོ་ཆོད་པའི་འགག་རྩའི་ལག་རྩལ་འགག་སྒྲོལ་བྱས་པ། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པས“ཉེར་སྤྱོད་ཆེན་པོ་བཅུའི”གྲུབ་འབྲས་ཡོངས་བསྒྲགས་བྱས་པ། རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་ཁག་200ལས་བརྒལ་བ་དང་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་ཁག་1000ལས་བརྒལ་ཡོད། “བཟོ་ལས་ཀླད་ཆེན”གསར་དུ་བཏོད་པ་དང་། “ཡར་གཙང་དང་པོའི”རིག་རྩིས་ལྟེ་གནས་བསྐྲུན་པ། གསར་གཏོད་ཅན་གྱི་ཁེ་ལས་འབྲིང་ཆུང་190དང་ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་འབྲིང་ཆུང་ཁག་17གསར་དུ་ངོས་གཏན་བྱས་པ། 5Gསྦྲེལ་ཚུགས་ཁྲི་2.4བསྐྲུན་ཟིན་པ། གྲངས་འཛིན་དཔལ་འབྱོར་གྱི་འཕར་ཐང་སྒོར་དུང་ཕྱུར་200ཟིན་ཡོད། ནོར་སྲིད་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་ཐབས་བཅུ་གཉིས་ལག་བསྟར་བྱས་ནས་ཡུལ་སྐོར་གྱི་སྤུས་དག་ལམ་ཐིག་ཁག་18བསྐྲུན་པ་དང་། རྒྱལ་ཁོངས་ཡུལ་སྐོར་དོ་དམ་ལེགས་སུ་བཏང་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་སྣེ་ལེན་དང་ཡུལ་སྐོར་གྱི་སྤྱིའི་འགྲོ་སོང་ཁག་སོ་སོར་10.7%དང་9.5%འཕར་ཞིང་། རིག་གནས་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་150ལས་བརྒལ་ནས་35.3%འཕར་ཡོད། དེང་རབས་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་སོང་ཡོད། དངུལ་རྩའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར་300.6ཟིན་ནས་8.4%འཕར་ཡོད། ལྷ་སའི་ཁོངས་བརྒལ་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཁོངས་བརྒལ་གློག་རྡུལ་ཚོང་དོན་ཐོན་ལས་གླིང་ཐོག་མ་དེ་ངོས་གཏན་བྱས་ཤིང་། ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱས་འབོར་སྒོར་དུང་ཕྱུར་84.79ཟིན་པ་དང་། སྲོལ་རྒྱུན་གྱི་མཐའ་མཚམས་ཉོ་ཚོང་ས་ཚིགས་14ཡི་ཉོ་ཚོང་བྱས་འབོར་སྒོར་དུང་ཕྱུར་2ཟིན་ཡོད། ལྷ་སའི་སྐམ་ཐོག་དང་གཞིས་རྩེའི(སྐྱིད་གྲོང)སྐམ་ཐོག་མཐའ་མཚམས་འགག་སྒོའི་རྒྱལ་ཁབ་ཟོག་འགྲུལ་ལྟེ་གནས་དང་ལྷ་སའི་རྒྱལ་ཁབ་རྐང་འཛིན་འཁྱགས་སྦྲེལ་ཟོག་འགྲུལ་རྟེན་གཞི་བསྐྲུན་ནས་གཉེར་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་བསྐུར་སྐྱེལ་ཟོག་འགྲུལ་མ་ལག་འཛུགས་སྐྱོང་ལས་དོན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས་ཞིང་འབྲོག་ཁུལ་གྱི་བསྐུར་སྐྱེལ་ཟོག་འགྲུལ་མ་ལག་འཐུས་སྒོ་ཚང་དུ་བཏང་བས། གྲོང་ཚོའི་སྦྲག་ཚུགས་4646ལ་མྱུར་སྐྱེལ་ལེན་སྒྱུར་གྱི་ནུས་པ་ལྡན་ཡོད་པ་དང་། ལྷུན་གྲུབ་རྫོང་གི་གྲོང་གསེབ་ཟོག་འགྲུལ་བསྐུར་སྐྱེལ་དཔེ་མཚོན་དེ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཟོག་འགྲུལ་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བའི་དཔེ་སྟོན་དཔེ་མཚོན་ནང་ཚུད་ཡོད། ས་མཐོ་ཡང་མཐོའི་མི་མེད་སྒྲིག་ཆས་ཚད་ལེན་ཚོད་ལྟའི་རྟེན་གཞི་དང་པོར་སྒོ་བྱང་བཀལ་བ་དང་། དམའ་དབྱིངས་འཕུར་སྐྱོད་ཀྱི་འཕྲུལ་ཆས་ཀྱིས་མཁའ་འགྲུལ་ཐོག་ནས་རོགས་སྐྱོབ་དང་། ནགས་སྲུང་མེ་ཟོན། མཁའ་དབྱིངས་གཟིགས་སྐོར། ཟོག་འགྲུལ་སྐྱེལ་འདྲེན་སོགས་བྱེད་ཁོངས་སུ་རྒྱུན་རྣམ་ཅན་དུ་གཉེར་སྐྱོང་ཐུབ་ཡོད། རིམ་རྩིས་བྱས་ན་གནམ་གྲུ་ཤར་གཏོང་ཐུབ་ནས་ཐེངས་1738དང་ཆུ་ཚོད་2190འཕུར་སྐྱོད་བྱས་པ་དང་། རིམ་རྩིས་བྱས་ན་མི་མེད་གནམ་གྲུ་ཐེངས་41371དང་ཆུ་ཚོད་19817འཕུར་སྐྱོད་བྱས་ཡོད།

(ལྔ) བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་བཏང་བ། གཅིག་ནི་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ། གཞི་ཆེའི་སྲིད་ཇུས་འཛིན་ཕྱོགས་གཅིག་མཐུན་རང་བཞིན་གྱི་ཚོད་སྐོར་ལམ་སྲོལ་བཙུགས་ཏེ། ཁྲོམ་རའི་ཞུགས་འཐུས་བཀག་རྒྱ་གཙང་བཤེར་བཅོས་སྐྱོང་བྱེད་པའི་བྱ་སྤྱོད་དང་རེས་སྐོར་ཐོག་མའི་ཁྲོམ་རའི་ཞུགས་འཐུས་ཕན་ནུས་ཀྱི་ཚོད་སྐོར་ཚོད་ལྟ་བྱས་ནས་ཁྲོམ་རའི་འགྲན་རྩོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ཡོད། གཉིས་ནི་གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ། གཞི་གྲངས་མེད་པའི་སྔོན་རྩིས་བསྒྱུར་བཅོས་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས“2+1”གི་དེང་རབས་ཀྱི་ནོར་སྲིད་ཕྱོགས་བསྡུས་དོ་དམ་མ་ལག་བཙུགས་ཡོད། རིག་ནུས་ཅན་གྱི་འོས་སྐུལ་འོས་དཔོད་བསྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ། གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་ཟབ་སྤེལ་དང་ལེགས་གཏོང་བྱ་སྤྱོད་ལེགས་གྲུབ་བྱུང་ནས་གཞུང་རྒྱུ་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བར་རམ་འདེགས་བྱེད་པའི་སྐུལ་འདེད་ཚོགས་འདུ་འཚོགས་པ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་གྱིས་ལྟ་སྡོམ་བྱེད་པའི་ཁེ་ལས་ཀྱི་ལས་གཉེར་ཁེ་སྤོགས་10%ཡན་འཕར་ཡོད། ཉིང་ཁྲིའི་བསྒྱུར་བཅོས་སྒོ་དབྱེ་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་གཙོ་གནད་ལས་འགན་དང་མང་འདུས་སྲིད་ཇུས་བྱེད་ཐབས་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་ཡོད། འབྲུ་རིགས་གྲབས་གསོག་མ་ལག་སྔར་བས་འཐུས་ཚང་དུ་བཏང་བས་ས་གནས་ཀྱི་འབྲུ་སྣུམ་གྲབས་གསོག་གཞི་ཁྱོན་ཀྲོན་ཁྲི་19.62ཟིན་ཡོད། གསུམ་ནི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བ། དམངས་གཉེར་དཔལ་འབྱོར་གྱི་སྐུལ་སྤེལ་བཅའ་ཁྲིམས་དང་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག་དོན་འཁྱོལ་གྱིས“ལས་ཕྱོད་ཆེ་བའི་དོན་དག་གཅིག་བསྒྲུབ་རྒྱུར”སྐུལ་འདེད་གཏིང་ཟབ་བཏང་ནས“བོད་རང་སྐྱོང་ལྗོངས་ཀྱི་སྲིད་དོན་དཔེ་རྣམ་ཆེ་མོ”ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་བྱས་པ་དང་། ཁེ་ལས་ལ་ཆད་འགྱངས་བྱས་པའི་རྩིས་དངུལ་གཙང་བཤེར་བྱེད་པའི་ཆེད་དམིགས་བྱ་སྤྱོད་ལག་བསྟར་བྱས་ཡོད། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་མ་དངུལ་བསྡུ་རྒྱུག་མཐུན་སྦྱོར་ལམ་སྲོལ་དང་ཡིད་རྟོན་ཞབས་ཞུའི་ལས་སྟེགས་ཀྱི་བྱེད་ནུས་འཐུས་ཚང་དུ་བཏང་བ་དང་། “ཁེ་ལས་སྟོང་དང་ཚོང་དུད་ཁྲི་ལ་བཅར་འདྲི་བྱེད་པའི”བྱེད་སྒོ་གཏིང་ཟབ་སྤེལ་ནས། རིམ་རྩིས་བྱས་ན་གཉེར་སྐྱོང་བྱེད་པོར་དངུལ་བུན་སྒོར་དུང་ཕྱུར་435བཏང་ཡོད། གསར་སྤེལ་ཁུལ(གླིང་ཁུལ)སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བའི་ཡུལ་དངོས་ཚོགས་འདུ་སྐོང་འཚོགས་བྱས་ཏེ། གཉེར་སྐྱོང་བྱེད་པོའི་གསོན་ཤུགས་སྔར་བས་གོང་དུ་སྤེལ་ནས་མ་འཇོག་གིས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་བྱེད་ཐབས་འགའ་ཞིག་དངོས་སུ་བཏོན་ནས་ལག་བསྟར་བྱས་ཡོད། ཚོང་དང་མ་རྩ་འདྲེན་འགུགས་ཀྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཚོང་དང་མ་རྩ་འདྲེན་འགུགས་ཐད་མ་དངུལ་སྒོར་དུང་ཕྱུར་619དོན་འཁྱོལ་བྱུང་ཡོད། ལྗོངས་ཡོངས་ཀྱི་གཉེར་སྐྱོང་བྱེད་པོ་དུད་ཚང་ཁྲི་61.6ཟིན་ནས་10.5%འཕར་ཡོད། བཞི་ནི་སྒོ་དབྱེ་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་སྲིད་ཇུས་བྱེད་ཐབས་དང་གཞིས་རྩེའི་རྒྱལ་སྤྱིའི་སྐམ་ཐོག་གྲུ་ཁའི་སྤྱིའི་འཆར་འགོད་བཟོས་པ་དང་ལག་བསྟར་བྱས་ཡོད། “ཁུལ(གྲུ་ཁ)ནས་དཔྱད་བཤེར་བྱས་ཏེ་འགག་སྒོར་ཐད་གཏོང”བྱེད་པ་དང་། “ཐེངས་གཅིག་རང་བཞིན་གྱི་སྒོ་ཁྲལ་གནས་ཞུ་དང་། ཐེངས་གཅིག་རང་བཞིན་གྱི་ཞིབ་བཤེར། ཐེངས་གཅིག་རང་བཞིན་གྱི་གློད་གཏོང”བྱེད་པའི་ལས་རྣམ་ཁྱབ་སྤེལ་བཏང་ཡོད། སྐྱིད་གྲོང་གི་རྒྱལ་ཁབ་གཙོ་གནད་གསར་སྤེལ་སྒོ་དབྱེ་ཚོད་ལྟ་ཁུལ་འཛུགས་སྐྲུན་གྱི་རེ་ཞུའི་ལས་ཀར་མུ་མཐུད་སྐུལ་འདེད་བཏང་བ་དང་། འགྲམ་གྲོང་རྡལ་བསྐྱར་སྐྲུན་གྱི་གཙོ་གནད་ལས་གྲྭ་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་ཡོད། ནེ་པ་ལའི་སྤུས་ལེགས་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་བཏང་ནས་ནེ་པ་ལའི་སྔོ་གཟན་ནང་འདྲེན་བྱེད་ཚད་ཀྲོན་1104ཟིན་ནས་84%འཕར་ཡོད། ནང་འདྲེན་ཤིང་ཏོག་ལ་དམིགས་འཛུགས་ལྟ་སྡོམ་བྱེད་ས་ཐོག་མ་དེ་ཞིབ་བཤེར་རྩིས་ལེན་འཕྲོད་ཡོད། 2025·ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས་དང“ཧི་མ་ལ་ཡ་སྐོར་བ”ཞེས་པའི་ཁེ་ལས་པའི་རྒྱལ་སྤྱིའི་གྲོས་ཚོགས་བདེ་བླག་ངང་འཚོགས་པ། ཁྲུང་ཆིང་དང་། སི་ཁྲོན། ཀན་སུའུ། མཚོ་སྔོན། ཤིན་ཅང་སོགས་ཞིང་ཆེན་དང་བཞག་པའི་འཐབ་ཇུས་མཉམ་ལས་གྲོས་མཐུན་དོན་འཁྱོལ་བྱས་པ། ཁ་གཏད་བོད་སྐྱོར་ལས་ཀར་སྐུལ་འདེད་ཏན་ཏིག་བཏང་ནས་སློབ་གསོ་དང་སྨན་བཅོས་མཁས་པ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གཏིང་ཟབ་སྤེལ་ནས“གཉིས་འགུགས་གཉིས་འདྲེན”ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

(དྲུག) གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་མཐུན་སྦྱོར་ངང་གོང་འཕེལ་བཏང་བ། གཅིག་ནི་རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་བར་སྐུལ་འདེད་བརྟན་པོ་བཏང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་འཁོར་རྒྱ་གོང་འཕེལ་གཏོང་བའི་རྣམ་པ་ལེགས་སུ་བཏང་སྟེ། ཡུལ་བབ་དང་བསྟུན་ནས་ལྷུན་རྩེ་རྫོང་གི་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་དང་སྙེ་མོ་རྫོང་ཐོན་པ་སོགས་ཁུལ་ཁོངས་ཀྱི་ཐོན་ལས་སྟོབས་ཆེའི་གྲོང་རྡལ་སྐྱེད་སྲིང་དང་གོང་འཕེལ་བཏང་ཡོད། གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་བར་སྐོར་གནའ་གྲོང་སྲུང་སྐྱོབ་དང་གྲོང་རྙིང་སྒྱུར་བཟོ་རིམ་སྤོར་ལས་གྲྭ་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་པ་དང་། ཁུལ་ཆུང་རྙིང་པ་70སྒྱུར་བཟོ་བྱས་པ། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་ཚང་སྒྲིག་སྡོད་ཁང་ཁྲི་1.79བསྐྲུན་པ། འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་བཟོའི་སྒྲིག་བཀོད་རྫོང་གྲོང་དང་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་ལ་ཡོངས་སུ་ཁེབས་ཡོད། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད་40%ཟིན་ཡོད། གཉིས་ནི་གྲོང་གསེབ་དར་རྒྱས་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། “ཁྲི་སྟོང་ལས་གཞིའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ནས་ས་མཐོའི་མཛེས་མཐུན་ཤང་གྲོང་ཁག་180གསར་དུ་བསྐྲུན་ཡོད། དམངས་ཕན་ཞིང་ཕན་སྲིད་ཇུས་ཁག་63ལག་བསྟར་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ཁ་གསབ་རོགས་དངུལ་འབྲེལ་མཐུད་དང་དོན་འཁྱོལ་ཧུར་ཐག་བྱས་ཡོད། གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཟོའི་ཁྱབ་ཁོངས་ཀྱི་མངོན་ཆེའི་གནད་དོན་ལ་ཆེད་དམིགས་བཅོས་སྒྲིག་བྱས་ནས་དུད་ཚང་6101གི་ཉེན་ཡོད་སྡོད་ཁང་སྒྱུར་བཟོ་དང་ཡོམ་འགོག་བརྟན་སྐྱོར་བྱས་ཡོད། དུད་ཚང་ཁྲི་5.6གི་མི་ཕྱུགས་ལོགས་དབྱེ་བྱས་ནས་ཞིང་འབྲོག་པའི་རྣམ་གསར་གཏོད་པའི་བྱ་སྤྱོད་སྲིད་འཛིན་གྲོང་ཚོ་5272ལ་རྒྱ་སྐྱེད་བཏང་ཡོད། ཧྥུའུ་ཚད་ཉུང་བའི་བདེ་ཐང་ཇ་ཁྱབ་གདལ་བཏང་བས་དབུལ་སྒྲོལ་མི་འབོར་དང་ལྟ་དཔྱད་རོགས་སྐྱོར་བྱ་ཡུལ་མི་གྲངས་ཁྲི་74.26ལ་ཕན་པ་ཐོབ་ཡོད།

(བདུན) དམངས་འཚོའི་བདེ་རྩ་རྒྱུན་མཐུད་ངང་ཆེ་རུ་སོང་བ། གཅིག་ནི་དམངས་འཚོའི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་པ། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ནས་སྒོར་དུང་ཕྱུར་187དོན་འཁྱོལ་གྱིས་དམངས་འཚོའི་བྱ་བ་དངོས་ཁག་38ལེགས་པར་བསྒྲུབས་ཡོད། འཕྲལ་མ་ཉིད་དུ་སྒྲིག་འཛུགས་ཀྱིས་ཡོམ་འགོག་གེགས་སེལ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱས་ཡོད། གནོད་འཚེ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གོ་རིམ་ལྡན་པའི་ངང་སྤེལ་ནས། གནོད་འཚེ་ཕོག་ཁུལ་གྱི་སློབ་གྲྭ་དུས་བཀག་ལྟར་སློབ་འགོ་ཚུགས་པ། སྨན་ཁང་མགྱོགས་མྱུར་སླར་གསོ་བྱས་ནས་བེད་སྤྱོད་ཐུབ་པ། མང་ཚོགས་དུད་ཚང་ཁྲི་3.28ལྷག་ཙམ་གྱི་སྡོད་ཁང་བསྐྱར་སྐྲུན་དང་ཉམས་གསོ་བརྟན་སྐྱོར་ལེགས་གྲུབ་བྱུང་ནས“ལོ་འདི་གར་བསྐྱར་སྐྲུན་ཟིན་ནས་ལོ་འདི་གར་གནས་སྤོས”ཐུབ་ཡོད། གཉིས་ནི་ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བརྟན་པོ་བྱུང་བ། མཐོ་རིམ་སློབ་ཐོན་སློབ་མ་དང་། ཞིང་འབྲོག་པ། དམག་ཞབས་ཐིམ་པའི་དམག་མི། དབང་པོ་སྐྱོན་ཅན་སོགས་གཙོ་གནད་ཚོགས་སྤྱིར་དམིགས་སུ་བཀར་ནས་རོགས་སྐྱོར་སྲིད་ཇུས་གནད་འཕིགས་ལག་བསྟར་དང་། ལས་རིགས་རྩལ་ནུས་སྦྱོང་བརྡར་སྤེལ་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་5.1གསར་སྣོན་བྱུང་ཞིང་། ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་ཟིན་པའི་ནང་ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད་12%ཡན་ཟིན་ཡོད།

(པར་ངོས་དྲུག་པར་གཟིགས)(པར་ངོས་ལྔ་པར་མཐུད)

ཞིང་འབྲོག་པ་མི་ཁྲི་66གནས་སྒྱུར་ལས་ཞུགས་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་75.4མངོན་འགྱུར་བྱུང་ཡོད། གསུམ་ནི་སློབ་གསོའི་བྱ་གཞག་གོང་འཕེལ་གང་མགྱོགས་བཏང་བ། “འགན་ལེན་གསུམ”གྱི་འགྲོ་གྲོན་ལོ་རེར་སློབ་མ་རེར་ཆ་སྙོམས་ཚད་གཞི་སྒོར་5700ལ་སྤར་བ་དང་། སློབ་མཚམས་འཇོག་པ་སྐབས་བསྟུན་གྱི་མེད་པ་བཟོས་ཡོད། བུ་བཅོལ་ཁང་52དང་། འོས་འགན་སློབ་གསོའི་སློབ་གྲྭ་69 མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གྲྭ་13བཅས་གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན་བྱས་ཡོད། ལྗོངས་ཡོངས་སུ་སློབ་གྲྭ་འབྲིང་ཆུང་གི་སློབ་གནས་ཁྲི་1.25ཁ་གསབ་བྱས་ཡོད། བོད་ལྗོངས་ཆ་ཚང་སློབ་འབྲིང(སི་ཁྲོན་ཐེན་ཧྥུའུ)འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད། བོད་ལྗོངས་ཞིང་འབྲོག་སློབ་གླིང་དེ་བོད་ལྗོངས་ཞིང་འབྲོག་སློབ་ཆེན་དུ་རིམ་པ་སྤར་བ་དང་། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་དེ་དངོས་ཚན་སློབ་གྲྭར་རིམ་སྤོར་བྱས་པ། གཞིས་རྩེའི་ལས་རིགས་ལག་རྩལ་སློབ་གླིང་བསྐྲུན་ཟིན་ནས་སློབ་མ་བསྡུས་ཡོད། བཞི་ནི་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ། “དམིགས་ས་ལྔའི”བླང་བྱ་དོན་འཁྱོལ་དང་། “1+7+13”རོགས་སྐྱོར་ཐོབ་པའི་སྨན་ཁང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ནས་རྒྱལ་ཁབ་ཁུལ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་དང་རང་སྐྱོང་ལྗོངས་སྨན་རྩིས་ཁང་སྒྱུར་བཀོད་རིམ་སྤོར་ལས་གྲྭ་སྐྲུན་འགོ་ཚུགས་ཡོད། “ཀ་པ་རིམ་པ་གསུམ་པའི”སྨན་ཁང་ས་གནས(གྲོང་ཁྱེར)བདུན་ལ་ཁྱབ་པ། འབྲེལ་ཟབ་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་རྫོང(ཆུས)ཡོངས་སུ་ཁྱབ་ཡོད། རྒྱལ་དམངས་ཀྱི་འཚོ་བཅུད་འཆར་གཞིའི་བྱ་སྤྱོད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་དེ་བཞིན་སྒྲིག་ཚུད་གྲྭ་བཙུན་གྱི་བདེ་ཐང་བརྟག་དཔྱད་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཐུམ་འབུའི་ནད་སྐབས་བསྟུན་གཙང་སེལ་དང་། གྲུམ་བུ་ཚིགས་ཆེན་གྱི་ནད་པ་གསར་པ་མི་ཐོན་པ་བྱེད་པ། ལྷན་སྐྱེས་སྙིང་ནད་དང་སྐྱ་འགྲིབ་ནད་ལྗོངས་ནང་ཁུལ་དུ་སྨན་བཅོས་བྱེད་ཐུབ་ཀྱི་ཡོད། ལྔ་ནི་རིག་གནས་ལུས་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་བྱུང་བ། རིག་གནས་དམངས་ཕན་ལས་གཞི་ལག་བསྟར་བྱས་ཏེ་རིག་གནས་དམངས་ཕན་བྱེད་སྒོ་རིགས་མི་འདྲ་བ་ཐེངས་ཁྲི་10སྤེལ་བས་མང་ཚོགས་མི་ཐེངས་ཁྲི་1600ལ་ཕན་པ་ཐོབ་ཡོད། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་མཚན་ཚོགས་དང་། དང་པོའི་བཅོ་ལྔའི་མཚན་ཚོགས་ལྷ་སའི་ཡན་ལག་མཚན་ཚོགས། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རིག་རྩལ་མཚན་ཚོགས། ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར། ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་སོགས་རིག་གནས་ལུས་རྩལ་བྱེད་སྒོ་བདེ་བླག་ངང་སྤེལ་བ་དང་། རང་ལྗོངས་ཀྱི་ལུས་རྩལ་པས་རྒྱལ་སྤྱི་རྒྱལ་ནང་གི་འགྲན་བསྡུར་ཆེན་མོའི་ནང་གཟེངས་རྟགས་ཁག་111བླངས་ཡོད། རླུང་འཕྲིན་བརྙན་འཕྲིན་ལྟ་ཉན་བྱེད་མཁན་ཕྱོགས་བསྡུས་མི་འབོར་ལ་ཁྱབ་ཚད་99.64%དང་99.77%ཁག་སོ་སོར་ཟིན་ཡོད། དྲུག་ནི་སྤྱི་ཚོགས་འགན་སྲུང་ལ་ནུས་ཤུགས་དང་ཕན་ནུས་ལྡན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་དེ་རྒྱལ་ཡོངས་ཀྱི་སྔོན་ལ་སླེབས་ཞིང་། གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་དེ་95%ཡན་བརྟན་འཁྱོངས་ཐུབ་ཡོད། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་ལག་བསྟར་བྱས་ནས་སྤྱི་ཚོགས་འགན་བཅོལ་གྱི་ཁྲིམས་བཅད་མི་ཚོགས་གཞི་རྩའི་ཆ་ནས་ཁྱབ་ཐུབ་ཡོད། རིགས་མི་འདྲ་བའི་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་མི་གྲངས་ཁྲི་738ཟིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་མི་རེར་ཟླ་རེར་སྒོར་295ལ་སྤར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་མི་རེར་ཆ་སྙོམས་སྒོར་735ལ་སྤར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་མི་རེར་ལོ་རེར་སྒོར་12324དང་སྒོར་5790ལ་ཁག་སོ་སོར་སྤར་བ་དང་། གཅིག་སྡུད་བསྙེན་བཀུར་དང་གྲོང་གསེབ་ཀྱི་ཁ་ཐོར་བསྙེན་བཀུར་བྱ་རྒྱུའི་དམིགས་བསལ་དཀའ་ངལ་ཡོད་པར་ཁ་གསབ་ཚད་གཞི་མི་རེར་ལོ་རེར་ཁག་སོ་སོར་སྒོར་16021དང་སྒོར་8684ལ་སྤར་ཡོད། སྡེ་ཁུལ་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་65དང་གྲོང་གསེབ་ཀྱི་བདེ་སྐྱིད་ཁང་156བསྐྲུན་ཡོད།

(བརྒྱད) གཙོ་རྒྱུའི་འགན་སྲུང་སྲ་བརྟན་དང་ནུས་ལྡན་བྱས་པ། གཅིག་ནི་ནུས་རྒྱུ་མཁོ་སྤྲོད་བརྟན་སྙོམས་བྱུང་བ། མཁོ་སྤྲོད་འགན་ལེན་གྱི་འོད་གསོག་རྣམ་གྲངས་ཁག་20ཚང་མ་བསྐྲུན་ཟིན་པ་དང་། མཁོ་སྤྲོད་འགན་ལེན་གྱི་རླུང་ཤུགས་གློག་འདོན་12ཀྱིས་གློག་གཏོང་ཚད་ཆན་ཝ་ཁྲི་90ཟིན་པ། སྤྱི་ཚོགས་ཡོངས་ཀྱིས་གློག་སྤྱོད་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་176ཟིན་ཡོད། བཅོས་སྣུམ་གྱི་རྒྱལ་ཁབ་འཐབ་ཇུས་གསོག་མཛོད་རྣམ་གྲངས་གང་མགྱོགས་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་བཏང་ཡོད། གཉིས་ནི་ནོར་སྲིད་དངུལ་རྩ་བརྟན་འཁྱོངས་བྱུང་བ། “སྐལ་བཟང་མེ་ཏོག་གི་བྱ་སྤྱོད”ལ་འཕེལ་འགྱུར་གསར་པ་བྱུང་ཞིང་། ཇ་ལྗང་ཚོགས་པ་དང་རིག་འདུས་གཏེར་ལས་བདེ་བླག་ངང་ཁྲོམ་རར་ཞུགས་ཡོད། དངུལ་རྩའི“ལས་གཞི་ཆེན་པོ་ལྔ”ལག་བསྟར་ཤུགས་ཆེན་བྱས་ནས་ཁག་དང་པོའི་ཞབས་ཞུའི་འཛད་སྤྱོད་དང་རྒན་གསོའི་བསྐྱར་བུན་བདེ་བླག་ངང་དོན་འཁྱོལ་བྱུང་ཡོད། ལྗོངས་ཡོངས་ཀྱི་ས་གནས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དང་གཏོང་སྒོ་ཁག་སོ་སོར་སྒོར་དུང་ཕྱུར་300དང་སྒོར་དུང་ཕྱུར་3000ལས་བརྒལ་ཡོད། མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་དང་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་6924དང་སྒོར་དུང་ཕྱུར་7007ཁག་སོ་སོར་ཟིན་ནས་7.0%དང་17.6%ཁག་སོ་སོར་འཕར་ཡོད། གསུམ་ནི་ས་ཆ་འདོན་སྤྲོད་འདང་ངེས་བྱུང་བ། སྤྱོད་ས་ཁག་710ཡི་སྤྱི་ཆིང་4791.5ལ་ཆོག་མཆན་སྤྲད་པ་དང་། འཛུགས་སྐྲུན་རྣམ་གྲངས་ཀྱི་སྤྱོད་སའི་སྔོན་བཤེར་དང་གནས་འདེམས་བསམ་འཆར་ཡི་གེ་ཁག་50དང་ས་ཆ་སྤྱི་ཆིང་9411.4དཔྱད་སྤྲོད་བྱས་ནས་གཙོ་གནད་ལས་གྲྭ་འཛུགས་སྐྲུན་ཐད་འགན་སྲུང་ནུས་ལྡན་བྱས་ཡོད། བཞི་ནི་སྐྱེལ་འདྲེན་ཤར་གཏོང་ཐུབ་པ། ལྕགས་ལམ་དང་། གཞུང་ལམ། མཁའ་ལམ་བཅས་ཀྱི་སྐྱེལ་འདྲེན་དྲ་བའི་མ་ལག་འཐུས་ཚང་དུ་བཏང་ནས་གཞུང་ལམ་ཐོག་ཡུལ་སྐོར་བ་འཁོར་རྒྱུག་བྱེད་ཚད་མི་ཐེངས་དུང་ཕྱུར་22.5དང་དངོས་ཟོག་འཁོར་རྒྱུག་བྱེད་ཚད་ཀྲོན་སྤྱི་ལེ་དུང་ཕྱུར་128.6ཟིན་པ་དང་། ལྕགས་ལམ་ཐོག་ཡུལ་སྐོར་བ་འཁོར་རྒྱུག་བྱེད་ཚད་མི་ཐེངས་དུང་ཕྱུར་20.5དང་ལྕགས་ལམ་ཐོག་དངོས་ཟོག་སྐྱེལ་འདྲེན་འཁོར་རྒྱུག་བྱེད་ཚད་ཀྲོན་སྤྱི་ལེ་དུང་ཕྱུར་43.4ཟིན་པ། དམངསསྤྱོད་མཁའ་འགྲུལ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་800ལས་བརྒལ་བ་དང་དངོས་ཟོག་སྦྲག་བསྐུར་སྐྱེལ་འདྲེན་བྱེད་ཚད་ཀྲོན་ཁྲི་5.7ཟིན་ཡོད།

(དགུ) ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། 《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་འཛུགས་གཏོད་སྲོལ་ཡིག》ལག་བསྟར་བྱས་ནས་ཁག་གསུམ་པ་དང་བཞི་པའི་རྫོང(ཆུད་དང་གྲོང་ཁྱེར) ཁག་24དང་ཚན་པ་1124རྣམས་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚན་པའི་དཔྱད་ཞིབ་རྩིས་ལེན་འཕྲོད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་འཆར་འགོད་ཀྱི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱུང་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་བོད་ཀྱི་གླེང་སྟེགས་སྐབས་གཉིས་པ་ལམ་ལྷོངས་ངང་གཉེར་བ་དང་། 2025ལོའི་དུས་ཐེངས་གཉིས་པའི་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཉམས་ལེན་རྣམ་གྲངས་ལས་བོད་ལྗོངས་ཀྱི་རེས་སྐོར་འགྲེམས་སྟོན་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད། “ས་མཐོའི་སེ་འབྲུ་དམར་པོའི”གྲགས་རྟགས་ཇེ་ལེགས་སུ་བཏང་ནས“ས་མཐོའི་སེ་འབྲུ་དམར་པོའི”གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པ་ཁག་ལྔ་པ་དང་དྲུག་པ་སྒྲིག་འཛུགས་བྱས་ཏེ་པེ་ཅིང་དང་། ཧོ་པེ། ནང་སོག ཧུའུ་པེ། ཧུའུ་ནན་བཅས་སུ་ལྟ་སྐོར་དང་རྟོག་ཞིབ་བྱེད་པར་བསྐྱོད་པས། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལྗོངས་ཕྱིར་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་བསྐྱོད་ཚད་མི་ཐེངས་ཁྲི་5ལས་བརྒལ་བར་སྐུལ་ཁྲིད་ཐུབ་ཡོད།

(བཅུ) སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་ཇེ་མགྱོགས་སུ་བཏང་བ། གཅིག་ནི་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུཌ་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ། “རི་གཉིས”ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྱོང་གི“1+8”ལམ་ལུགས་མ་ལག་བསྐྲུན་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》 ལག་བསྟར་བྱ་ཐབས་དངོས་སུ་འདོན་རྒྱུར་སྐུལ་འདེད་བཏང་བ། སྐྱེ་ཁམས་ཐོན་རྫས་ཀྱི་དཀར་ཆག་གསལ་ཐོ་པར་འགྲེམས་བྱས་པ། སྙིགས་རོས་ཁོར་ཡུག་བཙོག་པ་བཟོ་བར་འགོག་བཅོས་བྱ་རྒྱུའི་སྲོལ་ཡིག་ཐད་ཞིབ་འཇུག་དང་བཟོས་པ། ལྷ་རི་རྫོང་འདི་ཉིད་རྒྱལ་ཡོངས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་སྔོན་སྤེལ་ཁུལ་ཁག་དང་པོའི་མིང་གཞུང་ནང་བཅུག་ཡོད། ཉིང་ཁྲི་གྲོང་ཁྱེར་འདི་ཉིད་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་གྱི་ཚོད་ལྟ་བྱེད་ཁོངས་སུ་བཅུག་པ། ལག་སྐོར་མཚོའི“ཐཱན་མེད་ལིས་ལེན”གྱི་ཁུངས་དྲ་ཐེག་གསོག་དཔེ་སྟོན་དང་སྐྱིད་མཛེས་ཚྭ་ཁ་ཀྲོན་ཁྲི་1གི་ཚྭ་མཚོའི་ལིས་ལེན་རྣམ་གྲངས་འདི་གཉིས་རྒྱལ་ཁབ་ཀྱི་འབྱུང་འཕྲོད་ཐཱན་ཉུང་གི་སྔོན་ཐོན་ལག་རྩལ་དཔེ་སྟོན་རྣམ་གྲངས་ཀྱི་གསལ་ཐོའི་ནང་བཅུག་ཡོད། གཉིས་ནི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་ཤུགས་ཆེ་རུ་བཏང་བ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་བྱེད་པར་གཅིག་གྱུར་འཆར་འགོད་བྱས་པ་དང་། རྨོ་ཞིང་གི་དམར་ཐིག་ནན་པོ་བསྲུངས་པས། ལྗོངས་ཡོངས་ཀྱི་རྨོ་ཞིང་གི་བདག་ཡོད་གྲངས་ཚད་མུའུ་ཁྲི་643.1དང་ཡུན་གཏན་གྱི་གཞི་རྩའི་ས་ཞིང་སྲུང་སྐྱོབ་བྱེད་ཁྱོན་མུའུ་ཁྲི་489.4ཟིན་ཡོད། མཚོ་བོད་ས་མཐོའི་ལྷོ་ནུབ་ས་རྒྱུད་ཀྱི་ལོ་རྒྱུས་ཤུལ་ལུས་བེད་མེད་གཏེར་རིའི་སྐྱེ་ཁམས་སླར་གསོའི་དཔེ་སྟོན་ལས་གྲྭ་ལེགས་གྲུབ་ཟིན་ནས་གཏེར་རི་305དང་རྒྱ་ཁྱོན་སྤྱི་ཆིང་1534.3སླར་གསོ་བྱས་ཡོད། རྒྱལ་ཁབ་ཀྱི་ས་ཆ་སྔོ་སྒྱུར་བྱ་སྤྱོད་ཚན་རིག་དང་མཐུན་པའི་ངང་སྤེལ་ནས་གསར་དུ་ནགས་བཟོ་ནགས་སྐྱོང་མུའུ་ཁྲི་148བྱས་ཤིང་། དེའི་ནང་ལྷོ་རི་བྱང་རི་སྔོ་སྒྱུར་ལས་གཞི་མུའུ་ཁྲི་42.64ཚུད་ཡོད་པ་དང་། ཞན་འགྱུར་རྩྭ་ཐང་མུའུ་ཁྲི་516.62སླར་གསོ་བཅོས་སྐྱོང་བྱས་པ་དང་ས་ཆུ་ཤོར་ཚད་མུའུ་ཁྲི་23བཅོས་སྐྱོང་བྱས་ཡོད། གསུམ་ནི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། རེས་སྐོར་གཉིས་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ལས་འགན་ཁག་43དང་བྱེད་ཐབས་ཁག་180ཡི་བཅོས་སྒྲིག་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཡོད། “སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལས་དོན་སྐས་རིམ་བཞིན་སྤེལ་ནས“སྙིགས་མེད་ཕྲ་ཕུང”510བསྐྲུན་པ་དང་། དྲི་ངན་དབྱང་རླུང་གར་ཚད་ཀྱི་གཞི་གདན་ཚད་བརྒལ་ལ་ཁུངས་འདེད་དབྱེ་ཞིབ་རྒྱུན་རྣམ་བཞིན་སྤེལ་བ། ཆུ་ནང་བཙོག་འབུད་བྱེད་གནས་ཁག་166ཚད་ལྡན་བཅོས་སྒྲིག་བྱས་པ། ལྗོངས་ཡོངས་སུ་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཡན་རྒྱུན་འཁྱོངས་ཐུབ་པ། གཙོ་གནད་གཙང་ཆུ་དང་མཚོ་མཚེའུ་ཡི་ཆུ་སྤུས་དང་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ཚད་གཞི་ལོན་ཚད་100%ཟིན་པ། ས་རྒྱུའི་ཁོར་ཡུག་སྤུས་ཚད་སྤྱིའི་ཆར་བརྟན་འཁྱོངས་ཐུབ་ཡོད།

(བཅུ་གཅིག) མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་ནུས་བརྟན་པོའི་ངང་ཆེ་རུ་སོང་བ། 《རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》པར་འགྲེམས་བྱས་ནས་ལག་ལེན་བསྟར་ཡོད། མཐའ་མཚམས་རྫོང་གི་གཞུང་ལམ་ལམ་ཚད་སྤྱི་ལེ་ཁྲི་3ལྷག་ཙམ་ཟིན་པ་དང་། ཆ་རྐྱེན་འཛོམས་པའི་མཐའ་མཚམས་ཀྱི་ཤང་གྲོང་རྡལ་དང་སྒྲིག་ཁོངས་གྲོང་ཚོར་ཤར་གཏོང་ཐུབ་ཚད་ཁག་སོ་སོར་100%དང་96.93%ཟིན་ཡོད། གློག་དྲ་ཨ་མ་མཐའ་མཚམས་ཀྱི་གྲོང་གསར་ཚང་མར་སྣུར་སྲིང་བྱས་པ་དང་། མཐའ་མཚམས་ཤང་གྲོང་རྡལ་གནས་ས་ཚང་མར་5Gདང་སྟོང་ཀྲའོ་འོད་དྲ་ཤར་གཏོང་ཐུབ་པ། མཐའ་མཚམས་ཀྱི“བདེ་སྡོད་དམིགས་ཕན”གློག་སྤྱོད་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་ཡོད། མཐའ་མཚམས་ཀྱི་ཁྱད་ལྡན་ཐོན་ལས་སྐྱོང་སྤེལ་དང་གོང་འཕེལ་ཧུར་ཐག་བཏང་ནས་མཐའ་མཚམས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་བཏང་ཡོད། མཐའ་མཚམས་གྲོང་གསར་ལ་སློབ་ཞུགས་གོང་གི་སློབ་གསོ་དང་འོས་འགན་སློབ་གསོ་ཡོངས་སུ་ཁྱབ་ཡོད། མཐའ་མཚམས་ས་ཁུལ་ཡོངས་ཀྱི་ཤང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་དུ་སྐྲུན་པའི་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱུང་ཡོད། “མཉམ་སྤེལ་ལྔ་དང་སྲ་བརྟན་ལྔའི”མགོ་སྦྲེལ་མཉམ་སྐྲུན་ལས་དོན་གཏིང་ཟབ་ཏུ་བཏང་ནས་ཏང་སྲིད་དམག་ཉེན་དམངས་བཅས་མཉམ་ཤུགས་གཅིག་སྒྲིལ་གྱིས་མཐའ་མཚམས་སྟོབས་ལྡན་དང་མཐའ་མཚམས་སྲ་བརྟན་གཏོང་བའི་རྣམ་པ་གསར་པ་ཞིག་ཆགས་ཡོད།

(བཅུ་གཉིས) བདེ་འཇགས་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་བྱུང་བ། ཟས་རིགས་དང་། སྨན་རྫས། སྨན་བཅོས་ཡོ་བྱད་སོགས་ལ་རྟག་ཏུ་ཟུར་བཤེར་བྱེད་པའི་ལས་དོན་སྤེལ་ཡོད། དངུལ་རྩ་དང་། ས་ཁང་ཐོན་ལས། ས་གནས་ཀྱི་བུ་ལོན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་རྒྱུན་མཐུད་འགོག་ཟོན་དང་སེལ་ཐབས་བྱས་ནས། དངུལ་ཁང་ལས་རིགས་ཀྱི་ཉེན་བུན་བཟུང་ཚད་རྒྱལ་ཡོངས་ཀྱི་དམའ་ཤོས་སུ་བརྟན་འཁྱོངས་ཐུབ་པ་དང་། སྲིད་གཞུང་གི་བུན་ཉེན་ལྗང་རིམ་ལ་བརྟན་འཁྱོངས་ཐུབ་ཡོད། འབྲུ་རིགས་དང་དངོས་ཟོག་གྲབས་གསོག་གི་བདེ་འཇགས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དཀྲི་རྒྱུན་མཐུད་བྱས་ནས་གྲོང་ཁྱེར་གྲོང་རྡལ་གྱི་སོལ་རླངས་དང་གློག་སྒུལ་རྐང་འཁོར་སོགས་ཁྱབ་ཁོངས་ཀྱི“དོན་དག་གཅིག”གི་རྒྱུན་འཁོར་ཧྲིལ་པོ་བཅོས་སྒྲིག་བྱས་ཡོད། རྒུད་སྐྱོབ་འཕྲལ་སྡོམ་དང་ལེན་ལམ་སྲོལ་དང་སྔོན་ཇུས་མ་ལག་འཐུས་ཚང་དུ་བཏང་བས། རིགས་ཁག་གི་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་དོན་རྐྱེན་ཐོན་གྲངས་དང་མི་ཤི་གྲངས་ཁག་སོ་སོར་19%དང་6.1%ཆག་པ་དང་། གནོད་འགོག་གེགས་སེལ་ནུས་ལྡན་བྱུང་ཡོད།

གཉིས། 2026ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གནས་བབ་དང་། སྤྱིའི་བླང་བྱ། གོང་འཕེལ་གྱི་དམིགས་ཚད།

(གཅིག) གོང་འཕེལ་གྱི་གནས་བབ། “ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ནི་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་ཡིན་ལ། འདི་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཁྲོད་གོང་འཕེལ་གྱི་གོ་སྐབས་འཕྲད་ཡོད་ལ་ཉེན་ཁ་དང་འགྲན་སློང་ཡང་འཕྲད་ཡོད། སྤྱིའི་ཆ་ནས་འགྲན་སློང་ལས་གོ་སྐབས་མང་བ་ཡོད།

འཕྲད་པའི་གོང་འཕེལ་གྱི་གོ་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། བོད་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་བཀོད་སྒྲིག་ཞིབ་ཚགས་གནང་བ་བཅས་ནི་བོད་ཀྱི་བྱ་གཞག་ཁག་གོང་འཕེལ་གཏོང་བའི་ཆབ་སྲིད་ཀྱི་ལེགས་ཆ་ཆེ་ཤོས་ཤིག་དང་། རྒྱལ་ཁབ་ཀྱི་གཙོ་གནད་འཐབ་ཇུས་རྣམ་གྲངས་གཏིང་ཟབ་སྤེལ་བ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བར་འཕྲད་པའི་གོ་སྐབས་བཟང་ཤོས་ཤིག རྒྱལ་ཁབ་ཀྱི་གཞི་ཆེའི་དཔལ་འབྱོར་སྲིད་ཇུས་དང་ལྷག་པར་དུ་ཏང་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ནི་བོད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་སྲིད་ཇུས་ཀྱི་འགན་ལེན་ཆེ་ཤོས་ཤིག ཏང་ཀྲུང་དབྱང་གིས་ཐུགས་ཁུར་གནང་བ་དང་རྒྱལ་ཡོངས་ཀྱིས་རོགས་སྐྱོར་གནང་བ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ཤིག རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་། སྐྱེ་ཁམས་ཁོར་ཡུག་བཟང་པོ། འཐབ་ཇུས་གནས་བབ་ཁྱད་དུ་འཕགས་པ་བཅས་ནི་བོད་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་མཐུན་རྐྱེན་ཞིག་བཅས་ཡིན། འཕྲད་པའི་ཉེན་ཁ་དང་འགྲན་སློང་། ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱོང་སྤེལ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྲིད་གཞུང་གི་མ་འཇོག་དོ་དམ་གྱི་ཕན་འབྲས་སོགས་ལ་ད་དུང་མི་འདང་ས་དང་ཞན་ཆ་ཡོད། ཕྱི་ནང་ཕྱོགས་མང་པོའི་རྒྱུ་རྐྱེན་གྱིས་རང་ལྗོངས་ཀྱི་དཔལ་འབྱོར་མགྱོགས་པོ་འཕར་ཚུལ་རྒྱུན་འཁྱོངས་ཐུབ་པར་གནོན་ཤུགས་ཆེ་རུ་སོང་བ་དང་། 2025ལོའི་ཟླ་4ནས་བཟུང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་འཚོང་བྱེད་འབོར། དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སོགས་དཔལ་འབྱོར་གྱི་དམིགས་ཚད་འཕར་ཚད་ཚང་མ་ཆག་ཡོད། གྲོང་མིའི་འཛད་སྤྱོད་རིན་གོང་དམའ་གནས་སུ་འཁོར་སྐྱོད་བྱེད་པ་དང་འཛད་སྤྱོད་ཁྲོམ་རའི་ཡིད་ཆེས་སྔར་བཞིན་ཆེ་རུ་གཏོང་དགོས་ཀྱི་ཡོད། ཁེ་ལས་ཀྱི་སྤྱི་ཡོངས་ཀྱི་སྟོབས་ཤུགས་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ད་དུང་ཆེན་པོ་མེད་པས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་དགོས་ཀྱི་ཡོད་པ་བཅས་ཡིན།

(གཉིས) སྤྱིའི་བླང་བྱ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་འཕྱུགས་པ་མེད་པར་ལག་བསྟར་གྱིས་གོང་འཕེལ་གྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་བྱས་ཏེ་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་དང་། “ཚང་དགོས་པ་གསུམ་དང་ཕན་ཐོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་གོང་འཕེལ་དང་བདེ་འཇགས་གཅིག་གྱུར་འཆར་འགོད་གང་ལེགས་བྱ་རྒྱུ། “དོན་ཆེན་བཞི”རྒྱུན་མཐུད་དོན་འཁྱོལ་ཡོང་བར་དམིགས་ཏེ་ནང་མཁོ་རྒྱ་སྐྱེད་དང་འདོན་སྤྲོད་ལེགས་གཏོང་དང་། འཕར་འབོར་ལེགས་སྒྱུར་དང་གསོག་ཐེབས་ཕན་སྒྱུར་གྱི་སྒོ་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་གོང་འཕེལ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་གོང་འཕེལ་གཏོང་བ། ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བར་ཤུགས་རྒྱག་པ། དཔལ་འབྱོར་གྱི་སྤུས་ཚད་མཐོར་འདེགས་ནུས་ལྡན་དང་འབོར་ཚད་འཕར་སྣོན་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པའི་སྒོ་ནས“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱ་རྒྱུ།

(གསུམ) གོང་འཕེལ་གྱི་དམིགས་ཚད། ས་གནས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་དུས་མཚུངས་དང་བསྡུར་ན་7%ཡན་འཕར་བ་དང་། གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་འཇོག་ཚད་15%ཡས་མས་འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་འཚོང་བྱེད་འབོར་7%ཙམ་འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་12.5%ཡས་མས་འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་ཁག་སོ་སོར་7%ཡས་མས་དང་8%ཡས་མས་འཕར་བ། གྲོང་ཁྱེར་གྲོང་རྡལ་གྱི་བརྟག་དཔྱད་བྱས་ཁོངས་ཀྱི་ལས་ཤོར་བསྡུར་ཚད་5%ནང་ཚུན་དུ་ཚོད་འཛིན་ཐུབ་པ་དང་། གྲོང་མིའི་འཛད་སྤྱོད་རིན་གོང་ལུགས་མཐུན་ངང་བསྐྱར་འཕར་ཐུབ་པ་བཅས་བྱ་རྒྱུ།

གསུམ། 2026ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ལས་འགན་གཙོ་བོ།

(གཅིག) “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ལས་དོན་གཅིག་གྱུར་འཆར་འགོད་ཡག་པོ་བྱ་རྒྱུ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་དོན་འཁྱོལ་ལག་བསྟར་གང་མགྱོགས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ཐོག་གཏན་ལ་ཕབ་པའི་ཐབས་ཇུས་བཀོད་སྒྲིག་དང་ལས་ཀའི་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་འགན་སྲུང་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཆེད་དོན་འཆར་འགོད་ཁག་58སྤུས་ཚད་མཐོ་བའི་སྒོ་ནས་སྒྲིག་བཟོ་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་ལས་འགན་དང་བྱེད་ཐབས་ཞིབ་ཚགས་དོན་འཁྱོལ་བཅས་བྱ་རྒྱུ། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྔོན་དཔག་དོ་དམ་ལ་ཤུགས་སྣོན་རྒྱག་པ། གཞི་ཆེའི་དཔལ་འབྱོར་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་དང་། བསྒྱུར་བཅོས་བྱེད་ཐབས་གལ་ཆེན། ལས་གྲྭའི་གཙོ་གནད་རྣམ་གྲངས་བཅས་བདེ་བླག་ངང་ལག་ལེན་བསྟར་བར་སྐུལ་འདེད་བཏང་ནས“ལོ་ལྔ་ཚན་བཅོ་ལྔ་པ”གོམ་སྟབས་བརྟན་པོའི་ངང་འགོ་ཡག་པོ་རྩོམ་ཐུབ་པའི་འགན་ལེན་བྱ་རྒྱུ།

(གཉིས) མ་འཇོག་དོ་དམ་དང་རྣམ་གྲངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མ་འཇོག་སྐུལ་ཁྲིད་ཀྱི་འགག་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གོང་འཕེལ་གྱི་རྨང་གཞི་རྒྱུན་མཐུད་བརྟན་དུ་གཏོང་རྒྱུ། གཅིག་ནི་ནུས་ལྡན་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་མ་འཇོག་སྲིད་ཇུས་འཛིན་ཕྱོགས་ལ་འབྲེལ་ཟབ་བྱེད་པ་དང་། སྙན་སེང་དང་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་དང་། ཀྲུང་དབྱང་ནོར་སྲིད་མ་དངུལ། འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་དང་ཆེད་དམིགས་མ་དངུལ། དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་སོགས་ཀྱི་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ཏེ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་པར་འགན་སྲུང་བྱ་རྒྱུ། ཁེ་འབབ་ཀྱི་ཆུ་ཚད་ཅུང་མཐོ་བའི་རྣམ་གྲངས་ཁག་གཅིག་བཏོན་ནས་སྤྱི་ཚོགས་ཀྱི་མ་རྩ་དང་དམངས་ཁྲོད་ཀྱི་མ་འཇོག་དེ་བས་མང་བ་ཞིག་རྣམ་གྲངས་འཛུགས་སྐྲུན་ནང་འདྲེན་འགུག་ཐུབ་པ་བྱ་རྒྱུ། གཉིས་ནི་མ་འཇོག་གི་ཕན་འབྲས་ཆེ་རུ་གཏོང་རྒྱུ། “ཁག་གཅིག་རེ་བཞིའི”བླང་བྱ་གཞིར་བཟུང་གོང་འཕེལ་གྱི་དགོས་མཁོ་དང་། ས་གནས་ཀྱི་ནུས་པ། མང་ཚོགས་ཀྱི་རེ་སྒུག་བཅས་དང་འཚམ་པའི་རྣམ་གྲངས་མང་དག་ཅིག་གྲབས་གསོག་དང་། འཆར་འགོད། སྒྲིག་འཛུགས་བཅས་བྱ་རྒྱུ། སྲིད་གཞུང་གི་མ་འཇོག་གྲུབ་ཆ་ཇེ་ལེགས་སུ་བཏང་ནས“མཁྲེགས་ཆས་མ་འཇོག”དང“མཉེན་ཆས་འཛུགས་སྐྱོང”གི་མ་ལག་འདུས་གྲུབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྣམ་གྲངས་ཀྱི་སྔོན་གྲབས་དམ་འཛིན་ཏན་ཏིག་བྱེད་པ་དང་། “རྣམ་གྲངས་འཆར་འགོད་བཞིན་སྤེལ་བ་དང་གཙོ་རྒྱུ་རྣམ་གྲངས་ལ་གཏོང་རྒྱུ”མཐའ་འཁྱོངས་བྱེད་པ། སྔོན་འགྲོའི་ཆ་རྐྱེན་གང་མགྱོགས་བསྐྲུན་ཏེ། འཆར་གཞིའི་ནང་གི་རྣམ་གྲངས་དུས་བཀག་ལྟར་ལས་འགོ་འཛུགས་ཐུབ་པ་བྱ་རྒྱུ།

(པར་ངོས་བདུན་པར་གཟིགས)(པར་ངོས་དྲུག་པར་མཐུད)

གསུམ་ནི་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱ་རྒྱུ། རྣམ་གྲངས་གལ་ཆེན་གྱི་འགན་གཙང་ལེན་དང་འགག་སྒྲོལ་ལམ་སྲོལ་དོན་འཁྱོལ་གྱིས་གཙོ་གནད་རྣམ་གྲངས་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “གཙོ་གལ་གཉིས”ཀྱི་རྣམ་གྲངས་ལག་བསྟར་ལེགས་སྒྱུར་བཅས་བྱས་ཏེ། མཚོ་བོད་ལྕགས་ལམ་གློག་ཤུགས་ཅན་དུ་སྒྱུར་བཟོ་དང་ཕྱི་གློག་ཚང་སྒྲིག་ལས་གྲྭ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ། རྒྱལ་ལམ་109 དང་། རྒྱལ་ལམ་219 རྒྱལ་ལམ་318 རྒྱལ་ལམ་695བཅས་ལེགས་གཏོང་སྒྱུར་བཟོ་དང་རྒྱལ་ལམ་214ཡི་ལྕགས་ཁ་ནས་སྤོམ་མདའ་གནམ་ཐང་བར་གྱི་ལམ་དུམ་གང་མགྱོགས་འཛུགས་སྐྲུན་བྱ་རྒྱུ། རྒྱལ་ལམ་4218མྱུར་བགྲོད་གཞུང་ལམ་ལྷ་ས་གྲོང་ཁྱེར་དུམ་བུ་སྐྲུན་འགོ་འཛུགས་ཐུབ་པའི་བརྩོན་ལེན་བྱ་རྒྱུ། གདོང་དཀར་ཆུ་མཛོད་སྐྲུན་འགོ་ཚུགས་རྒྱུར་སྐུལ་འདེད་གཏོང་བ་དང་། འཕགས་རྩེ་ཆུ་བེད་ལྟེ་གནས་ཀྱི་ཆུ་སྒོ་བརྒྱབ་ནས་ཆུ་གསོག་པ་དང་ལུང་རིང་མཚོའི་ཆུ་མཛོད་བསྐྲུན་ནས་སྤྱོད་འགོ་ཚུགས་ཐུབ་པའི་བརྩོན་ལེན་བྱ་རྒྱུ། བཞི་ནི་ལས་གྲྭ་གལ་ཆེན་གྱི་ཞབས་ཞུ་འགན་སྲུང་ལ་དམ་འཛིན་ཡག་པོ་བྱ་རྒྱུ། ཡར་སྨད་ཆུ་ཤུགས་གློག་ཁང་གསར་སྤེལ་དང་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ་དང་། ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་མཐུན་སྦྱོར་མཉམ་འགུལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཐོགས་མེད་བགྲོད་ལམ་གསར་སྐྲུན་དང་ཆེད་དམིགས་ཞབས་ཞུ་བསྒྲུབས་ནས་ལས་གྲྭ་གལ་ཆེན་བརྟན་པོའི་ངང་སྤེལ་ཐུབ་པར་འགན་ལེན་བྱ་རྒྱུ།

(གསུམ) ནུས་ཤུགས་ཡོད་རྒུས་འཛད་སྤྱོད་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ། དམངས་འཚོ་འགན་ལེན་དང་འཛད་སྤྱོད་སྐུལ་སྤེལ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁྲོམ་རའི་མཁོ་འདོན་ལེགས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་འདོན་སྤྲོད་ཀྱི་འཚམ་མཐུན་རང་བཞིན་ཆེ་རུ་བཏང་སྟེ། འཛད་སྤྱོད་ཀྱི་རིམ་པ་མཐོ་རུ་གཏོང་བ་དང་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་ཐོན་པ་བྱ་རྒྱུ་སྟེ། གཅིག་ནི“གསར་གཉིས”ཀྱི་སྲིད་ཇུས་ཇེ་ལེགས་སུ་གཏོང་རྒྱུ། འཛད་སྤྱོད་གྲུབ་ཆའི་འགྱུར་ལྡོག་ལ་བསྟུན་ནས་སྲིད་ཇུས་ཀྱི་གནད་འཕིགས་རང་བཞིན་མཐོ་རུ་བཏང་སྟེ“ཁ་གསབ་ཐོབ་ཚད”མཐོ་རུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་འཛད་སྤྱོད་ཀྱི་གཏིང་ཤུགས་བསྔོག་འདོན་བྱ་རྒྱུ། གཉིས་ནི་ཆེད་དོན་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་འབབ་འཕར་འཆར་གཞི་བཟོ་འབེབས་དང་ལག་བསྟར་བྱས་ནས་ཡུལ་མིའི་འཛད་སྤྱོད་ནུས་པ་ཆེ་རུ་གཏོང་རྒྱུ། འཛད་སྤྱོད་ཁྱབ་ཁོངས་ཀྱི་ལུགས་མཐུན་མིན་པའི་ཚོད་འཛིན་བྱེད་ཐབས་གཙང་བཤེར་གང་མགྱོགས་བྱ་རྒྱུ། སྤུས་ཚད་མཐོ་བའི་ས་ཁང་མཁོ་འདོན་ལ་བརྟེན་ནས་ལེགས་བཅོས་རང་བཞིན་གྱི་དགོས་མཁོ་གསར་གཏོད་དང་སྣེ་ཁྲིད་བྱས་ཏེ། གསོག་ཐེབས་ཚོང་སྒྱུར་ཁང་པ་ཉོས་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་དུ་སྤྱོད་པར་རྒྱབ་སྐྱོར་བྱ་རྒྱུ། སྤྱི་གསོག་མ་དངུལ་གྱི་སྲིད་ཇུས་སྔར་བས་ལེགས་སུ་བཏང་ནས་ཉིས་བརྒྱུད་རླངས་འཁོར་གྱི་ཁྲོམ་ར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུ། གསུམ་ནི་ཞབས་ཞུའི་འཛད་སྤྱོད་རྒྱ་སྐྱེད་ཧུར་ཐག་གཏོང་རྒྱུ། རིག་གནས་དང་། བདེ་ཐང་། རྒན་གསོ། བུ་བཅོལ། ཁྱིམ་ལས་སོགས་ཀྱི་འཚོ་བའི་ཞབས་ཞུ་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕུད་འགྲེམས་དཔལ་འབྱོར་དང་། འཁྲབ་སྟོན་དཔལ་འབྱོར། འགྲན་བསྡུར་དཔལ་འབྱོར་བཅས་གོང་འཕེལ་ཤུགས་ཆེན་གཏོང་བ། ཁྱད་ལྡན་འཛད་སྤྱོད་ཁུལ་དང་འཛད་སྤྱོད་ཁྲོམ་ཁུལ་མུ་མཐུད་གཏོད་པ། “ཡུལ་སྐོར་+”དང་། “ཞིམ་ཟས་+” “ལུས་རྩལ་+”སོགས་འཛད་སྤྱོད་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྐྱེད་སྲིང་བྱས་ཏེ། སྣ་མང་ལས་རྣམ་མཉམ་འདྲེས་ངང་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ།

(བཞི) ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུ། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཐོན་ལས་གསར་གཏོད་དང་ཚན་རྩལ་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཁྱབ་བཀོད་ལེགས་སུ་བཏང་ནས་བོད་ཀྱི་དོན་དངོས་དང་འཚམ་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུ་སྟེ། གཅིག་ནི་ཁྱད་ལྡན་ཞིང་འབྲོག་ལས་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ། འབྲུ་རིགས་བརྟན་པོ་དང་། ཕྱུགས་ལས་དར་བ། ཁྱད་ཆོས་ཆེ་བ་བཅས་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ནས་ཀྱི་སོན་བཟང་དང་འབྲི་གཡག་ཕྱུགས་རིགས་ཀྱི་རྒྱུད་པ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། འབྲུ་རིགས་ཐོན་ནུས་ཆེར་གཏོང་གི་བྱ་སྤྱོད་སྤེལ་བར་ཤུགས་རྒྱག་པ། སྒྲིག་བཀོད་ཞིང་ལས་གོང་འཕེལ་ཤུགས་ཆེན་གཏོང་བ། ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་20གསར་སྐྲུན་དང་སྒྱུར་བཟོ་རིམ་སྤོར་བཅས་བྱས་ཏེ། འབྲུ་རིགས་དང་། ཤ་སྒོང་དཀར་ཆུ། སྔོ་ཚལ་བཅས་ཀྱི་ཐོན་འབོར་ཀྲོན་ཁྲི་བརྒྱ་ཡན་བརྟན་འཁྱོངས་ཐུབ་པ་དང་། རྣམ་གསར་ཞིང་འབྲོག་ལས་གཉེར་སྐྱོང་བྱེད་པོ་20གསོ་སྐྱོང་བྱ་རྒྱུ། གཉིས་ནི་ནུས་རྒྱུ་གཙང་མའི་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེ་གཏོང་བ་དང་། ལས་གྲྭ་གལ་ཆེན་ལ་དམིགས་ནས་དེ་འབྲེལ་ཐོན་ལས་བཀོད་སྒྲིག་བྱས་ཏེ་ནུས་ཁུངས་གཙང་མའི་སྒྲིག་ཆས་དང་། ལས་གྲྭའི་འཕྲུལ་ཆས་སོགས་སྒྲིག་ཆས་བཟོ་སྐྲུན་དང་རྒྱབ་ཕྱོགས་ཞབས་ཞུ་སོགས་ཀྱི་ཐོན་ལས་གོང་འཕེལ་ཤུགས་ཆེན་བཏང་ནས“ནུས་རྒྱུ་གཙང་མ་+”ཐོན་ལས་ཁྱུ་ཚོགས་སྐྱོང་སྤེལ་ཧུར་ཐག་བྱ་རྒྱུ། བོད་ནས་ཀོང་ཏུང་གི་ཐད་རྒྱུག་གློག་འདྲེན་ལས་གཞི་སོགས་བོད་གློག་ཕྱིར་འཁྲིད་འདྲེན་ལམ་དང་། རོང་སྨད་དང་ལྕེ་ཞོལ་སོགས་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། བོད་དབུས་ནས་ཆབ་མདོ་བར་གྱི་བགྲོད་ལམ་གཉིས་པ་སྐྲུན་འགོ་འཛུགས་པ། ཡེར་པ་ཐང་ཆུ་ཤུགས་གློག་ཁང་སྐྲུན་ཚར་བ། འབྲི་གུང་དང་པད་མ་སྟེང་སོགས་ཆུ་འཐེན་ནུས་གསོག་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གློག་ཤུགས་འཕྲུལ་ཚན་ནས་གློག་གཏོང་ཚད་སྟོང་ཝ་ཁྲི་2000ཟིན་ཐུབ་པ་བྱ་རྒྱུ། འབྱུང་འཕྲོད་གློག་ཤུགས་ལ་བརྟེན་ནས་ཆིང་རླུང་དང་དབྱང་རླུང་བཟོ་བའི་ཚོད་ལྟ་བརྟན་པོའི་ངང་སྤེལ་རྒྱུ། གསུམ་ནི་ཐོན་ཁུངས་བཟོ་སྣོན་ལས་རིགས་རྒྱུན་མཐུད་གོང་འཕེལ་གཏོང་རྒྱུ། འབྱུང་འཕྲོད་གཏེར་རི་འཛུགས་སྐྲུན་བྱེད་ཐབས་འགའ་ཞིག་དོན་འཁྱོལ་བྱས་ཏེ། ཟངས་དང་། ལིས། ཀེ་སོགས་གཏེར་རྫས་ཐོན་ཁུངས་གོ་རིམ་ལྡན་པའི་ངང་གསར་སྤེལ་བྱ་རྒྱུ། འབྱུང་འཕྲོད་འཛུགས་སྐྲུན་རྒྱུ་ཆ་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། ཨར་འདམ་དང་དམངས་སྤྱོད་འབར་གས་སོགས་ཀྱི་རྣམ་གྲངས་གལ་ཆེན་འགན་སྲུང་བྱ་རྒྱུ། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཁག་20ཡན་འཕར་ཐུབ་པའི་བརྩོན་ལེན་བྱ་རྒྱུ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚད་གཞིའི་མ་ལག་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐོན་ལས་འཁོར་འབྲེལ་འགག་སྒྲོལ་དང་ཐོན་རྫས་གསར་གཏོད་ལ་ཤུགས་སྣོན་རྒྱག་རྒྱུ། “བོད་ཀྱི་བཟོ་རིག་མཛེས་རྩལ”གྱི་མཉམ་སྡེབ་ཚོང་རྟགས་བཏོད་དེ་མི་རིགས་ལག་ཤེས་བཟོ་ལས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། བཞི་ནི་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་གོང་འཕེལ་ཧུར་ཐག་གཏོང་རྒྱུ། དངུལ་རྩ་དང་། ཚན་རྩལ་ཆ་འཕྲིན། ལས་གྲྭའི་བློ་འདྲི། འགྲིམ་འགྲུལ་སྐྱེལ་འདྲེན། བཀར་འཇུག་བོགས་གཏོང་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་བཀོད་སྒྲིག་དང་ལེགས་སྒྱུར་བྱ་རྒྱུ། ཁོངས་བརྒལ་གློག་རྡུལ་ཚོང་དོན་གོང་འཕེལ་གཏོང་བ་དང་། འགག་སྒོའི་དཔྱད་བཤེར་བྱེད་ནུས་འཐུས་ཚང་དུ་བཏང་ནས་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་རྫས་ཕྱིར་གཏོང་ལ་སྐུལ་འདེད་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་བསྐུར་སྐྱེལ་ཟོག་འགྲུལ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས“གླ་མེད་བོད་བསྐུར”གྱི་ཁྱབ་རྒྱ་སྔར་བས་ཆེ་རུ་གཏོང་རྒྱུ། ལྔ་ནི་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ། “གངས་རིན་པོ་ཆེ་ནས་མ་ཕམ་གཡུ་མཚོ་བར”གྱི་མཛེས་ལྗོངས་ཁུལ་རྩེ་གྲ་དང་རིག་གནས་ཡུལ་སྐོར་གྲངས་རིག་ཅན་དུ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། ཡུལ་སྐོར་ཞབས་ཞུའི་སྒྲིག་བཀོད་དང་འཕྲལ་སྡོམ་རོགས་སྐྱོབ་ཀྱི་འགན་སྲུང་ནུས་པ་ཆེ་རུ་གཏོང་བ། ཡུལ་སྐོར་ཁྲོམ་རའི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། དེང་རབས་ཅན་གྱི་རིག་གནས་ཡུལ་སྐོར་ཐོན་ལས་མ་ལག་སྐྱོང་སྤེལ་བྱ་རྒྱུ། དྲུག་ནི་གསར་དར་ཐོན་ལས་སྐྱོང་སྤེལ་དང་སྟོབས་ཆེར་གཏོང་རྒྱུ། ས་གནས་དེ་གའི་གྲངས་འཛིན་ཐོན་ལས་སྐྱོང་སྤེལ་ཧུར་ཐག་བྱས་ནས་ལྷ་སའི་གྲངས་འཛིན་དཔལ་འབྱོར་མཉམ་འདུས་ཁུལ་གཏོད་རྒྱུ། དམའ་དབྱིངས་བདེ་འཇགས་ལྟ་སྡོམ་མ་ལག་འཐུས་ཚང་དུ་གཏོང་བ་དང་། དོ་དམ་འགན་དབང་གི་གསལ་ཐོ་དང་བདེ་འཇགས་འགན་འཁྲིའི་གསལ་ཐོ་བཟོ་བ། དམའ་དབྱིངས་དཔལ་འབྱོར་ཉེར་སྤྱོད་ཡུལ་རྣམ་གོ་རིམ་ལྡན་པའི་ངང་རྒྱ་སྐྱེད་གཏོང་བ། དམའ་དབྱིངས་མཁའ་ལམ་ཚོད་འཕུར་བྱེད་པའི་ཐད་རིགས་པས་ཁུངས་སྐྱེལ་ལ་སྐུལ་འདེད་གཏོང་བ། སྤོ་བོ་དང་སྐྱིད་གྲོང་གི་སྤྱི་སྤྱོད་གནམ་ཐང་གི་གཙོ་གནད་ལས་གྲྭ་བསྐྲུན་ཐུབ་པ། ནག་ཆུ་གནམ་ཐང་གི་གནས་འདེམས་ལེགས་སྒྲུབ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་བཅས་རེད།

(ལྔ) སྒྱུར་བཅོས་གསར་གཏོད་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུ། ནུས་ལྡན་ཁྲོམ་ར་དང་ཕྱོད་ཆེའི་སྲིད་གཞུང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བསྒྱུར་བཅོས་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་གསར་གཏོད་ལ་བརྟེན་ནས་སྒུལ་ནུས་སྐྱེད་སྲིང་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་སྟེ། གཅིག་ནི་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། “གཅིག་གྱུར་ལྔ་དང་སྒོ་དབྱེ་གཅིག”གི་བླང་བྱ་དོན་འཁྱོལ་བྱས་ཏེ་ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་གཙང་བཤེར་དང་བཅོས་སྐྱོང་རྒྱུན་ལྡན་ངང་སྤེལ་བ་དང་། ཁྲོམ་རར་ཞུགས་འཐུས་ཀྱི་བརྒྱུད་རིམ་ཚང་མར་ཕན་ནུས་ཐོན་པའི་ཚོད་སྐོར་བྱེད་ཐུབ་པ། འོས་སྐུལ་འོས་དཔོད་ཁྱབ་ཁོངས་ཀྱི་མངོན་ཆེའི་གནད་དོན་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་ཐུབ་པ། ཁྲིམས་འགལ་གྱོད་གཞི་དམར་འདོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ། “ཞུགས་འཐུས་དང་། ཡུལ་རྣམ། གཙོ་རྒྱུ”བཅས་གཞི་གཅིག་ཏུ་སྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་སྟེ་ཡུལ་རྣམ་སྐྱེད་སྲིང་དང་སྒོ་འབྱེད་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་སྤེལ་གཏོང་རྒྱུ། སྲིད་དོན་ཞབས་ཞུའི་སྤུས་འབྲས་ལེགས་གཏོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁྱབ་ཁོངས་དེ་བས་མང་བ་དང་གཞི་ཁྱོན་དེ་བས་ཆེ་སར“ལས་ཕྱོད་ཆེ་བའི་དོན་དག་གཅིག་སྒྲུབ་ཐུབ་པ”བྱ་རྒྱུ། མ་དངུལ་བསྡུ་རྒྱུག་གི་ཡིད་རྟོན་ཞབས་ཞུའི་ལས་སྟེགས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས་སྣ་མང་ཅན་གྱི“ཡིད་རྟོན་+”ཡི་དམངས་ལ་སྟབས་བདེ་དང་ཁེ་ལས་ལ་ཕན་པའི་ཉེར་སྤྱོད་ལས་རྣམ་འཚོལ་ཞིབ་བྱ་རྒྱུ། ཚོང་གཉེར་ཁོར་ཡུག་གི་ལྟ་སྐུལ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་རྒྱུ། གཉིས་ནི་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ། གཞུང་ཁོངས་དཔལ་འབྱོར་གྱི་བཀོད་པ་ལེགས་སྒྱུར་དང་གྲུབ་ཆ་ལེགས་སྒྲིག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ནས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ་དང་། རེས་སྐོར་གསར་པའི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་བྱ་སྤྱོད་འཆར་འགོད་བྱས་ནས་ལག་བསྟར་བྱེད་པ། གཞུང་ཁོངས་རྒྱུ་ནོར་གྱི་ལྟ་སྡོམ་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་གཞུང་ཁོངས་ཁེ་ལས་དང་གཞུང་ཁོངས་མ་རྩ་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ། གསུམ་ནི་དམངས་གཉེར་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། དམངས་གཉེར་དཔལ་འབྱོར་གྱི་སྐུལ་སྤེལ་བཅའ་ཁྲིམས་དོན་འཁྱོལ་གྱིས་ཁེ་ལས་དང་འབྲེལ་བའི་གཟིགས་སྐྱོང་སྲིད་ཇུས་ཀྱི་དཀར་ཆག་གསལ་ཐོ་འཐུས་ཚང་དུ་བཏང་ནས་སྲིད་དོན་ཞབས་ཞུའི་ལས་སྟེགས་སུ་ཁེ་ལས་ལ་ཕན་པའི་སྲིད་ཇུས་གཅིག་སྡུད་གཅིག་གྱུར་གྱིས་ཁྱབ་བསྒྲགས་བྱ་རྒྱུ། གཞི་རིམ་གྱི་འབྲེལ་གཏུག་ས་ཚིགས་བཙུགས་ནས་འབྲེལ་གཏུག་སྤེལ་རེས་དང་གནད་དོན་ཐག་གཅོད་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་ལ་མཐུན་རྐྱེན་སྦྱོར་བའི་སྦྱོང་བརྡར་ཡག་པོ་གཉེར་རྒྱུ། “ཁེ་ལས་སྟོང་དང་ཚོང་དུད་ཁྲི་ལ་བཅར་འདྲི་བྱེད་པའི”ཆེད་དམིགས་བྱ་སྤྱོད་རྒྱུན་མཐུད་སྤེལ་ནས་ཁེ་ལས་ཆུང་གྲས་ཀྱི་ཐོག་མའི་དངུལ་བུན་དང་ཡིད་རྟོན་དངུལ་བུན་གཞི་ཁྱོན་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། ཁེ་ལས་ལ་ཆད་འགྱངས་བྱས་པའི་རྩིས་དངུལ་གཙང་བཤེར་གང་མགྱོགས་བྱས་ནས་ཁེ་ལས་ཀྱི་ཁུར་པོ་དངོས་སུ་ཡང་དུ་གཏོང་རྒྱུ། བཞི་ནི་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ། གཞི་ཆེའི་སྲིད་ཇུས་འཛིན་ཕྱོགས་ཀྱི་གཅིག་མཐུན་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་བཏང་ནས་དཔལ་འབྱོར་གྱི་སྲིད་ཇུས་དང་། དཔལ་འབྱོར་མིན་པའི་རང་བཞིན་གྱི་སྲིད་ཇུས། གསོག་འབོར་གྱི་སྲིད་ཇུས། འབོར་འཕར་གྱི་སྲིད་ཇུས་བཅས་གཞི་ཆེའི་སྲིད་ཇུས་འཛིན་ཕྱོགས་ཀྱི་གཅིག་མཐུན་རང་བཞིན་གྱི་ཚོད་སྐོར་ནང་འཇུག་རྒྱུ། གཞི་གྲངས་མེད་པའི་སྔོན་རྩིས་དང་གཞི་རིམ་ནོར་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་སྒྱུར་བཅོས་གཏིང་ཟབ་བྱས་ཏེ། སྲིད་གཞུང་གི་ཉོ་སྒྲུབ་དང་ནོར་སྲིད་མ་འཇོག་གི་དཔྱད་ཞིབ་སོགས་ཀྱི་དོ་དམ་སྒྱུར་བཅོས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ། མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་ལ་གཟབ་ནན་ངང་སྐུལ་འདེད་བཏང་ནས་འགན་གཙང་དབང་ཆ་བརྟན་པོ་ཡོང་བ་དང་གཉེར་སྐྱོང་དབང་ཆ་ལྷུག་གཏོང་བྱ་རྒྱུ། ཉིང་ཁྲིའི་སྒྱུར་བཅོས་སྒོ་དབྱེ་སྔོན་ཚུད་ནས་ལག་བསྟར་དང་ཚོད་ལྟ་བྱ་རྒྱུ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་དཔེ་མཚོན་གྱི་ཉམས་མྱོང་དང་བྱེད་སྟངས་ཁྱབ་གདལ་གང་མགྱོགས་གཏོང་རྒྱུ། འདྲེན་སྦྱོར་གློག་རིན་དང་ཆུ་རིན་སོགས་ཀྱི་རིན་གོང་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་ནས་ལམ་སྲོལ་ཆགས་པ་བྱ་རྒྱུ། ལྔ་ནི་ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཚན་རྩལ་གྱི་འགག་སྒྲོལ་ལས་འགན་གལ་ཆེན་ལག་ལེན་བསྟར་བ་དང་། ས་མཐོར་སྤྱོད་གོ་ཆོད་པའི་འགག་རྩའི་ལག་རྩལ་ཞིབ་འཇུག་ཐད་འགག་སྒྲོལ་ཐུབ་པར་ཤུགས་སྣོན་བརྒྱབ་ནས་མཚོ་བོད་ཚན་རིག་རྟོག་ཞིབ་བྱས་འབྲས་དངོས་སྒྱུར་ཉེར་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ། རྒྱལ་ཁབ་ཀྱི་ལས་གྲྭ་གལ་ཆེན་གྱི་ལག་རྩལ་གསར་གཏོད་ལྟེ་གནས་ཀྱི་ཉིང་ཁྲིའི་རྟེན་གཞི་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ། ཚན་རྩལ་གྲུབ་འབྲས་རིགས་དབྱེའི་གདེང་འཇོག་མ་ལག་བཙུགས་ནས་ལས་ཐོག་ཚན་རྩལ་གྲུབ་འབྲས་སྤྱོད་དབང་སྒྱུར་བཅོས་ཚོད་ལྟ་བྱེད་ཁོངས་རིམ་བཞིན་ཆེ་རུ་གཏོང་རྒྱུ། རང་སྐྱོང་ལྗོངས་རིམ་པའི་ཚན་རྩལ་གསར་གཏོད་ལས་སྟེགས(རྟེན་གཞི)10ཡན་གསར་འཛུགས་དང་། མཐོ་གསར་ལག་རྩལ་དང་ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང་60གསར་སྣོན་བྱ་རྒྱུ།

(དྲུག) སྒོ་དབྱེ་མཉམ་ལས་རྒྱུན་མཐུད་རྒྱ་སྐྱེད་གཏོང་རྒྱུ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ཧུར་ཐག་བྱ་རྒྱུ། གཞིས་རྩེ་དེ་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་ལྟེ་བའི་གྲོང་ཁྱེར་དུ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། སྐྱིད་གྲོང་མཐའ་མཚམས་ཀྱི་དཔལ་འབྱོར་མཉམ་ལས་ཁུལ་དང་གཞིས་རྩེའི་རྒྱལ་སྤྱིའི་སྐམ་ཐོག་གྲུ་ཁ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། སྐྱིད་གྲོང་ར་སོག་ཟམ་པ་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དང་། འགྲམ་གྲོང་རྡལ་སླར་གསོ་བསྐྱར་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། མཐའ་མིའི་ཚོང་འབྲེལ་སྣ་མང་ཅན་དུ་གོང་འཕེལ་གཏོང་བ་དང་། ཀྲུང་ནེའི་སྲོལ་རྒྱུན་མཐའ་མཚམས་ཚོང་དོན་ས་ཚིགས་14གཉེར་སྐྱོང་འོས་འཚམ་དང་སྲོལ་རྒྱུན་མཐའ་མཚམས་ཚོང་དོན་ས་ཚིགས་12ཤར་གཏོང་ཐུབ་པ་བཅས་བྱས་ནས་འགག་སྒོའི་བྱེད་ནུས་དང་འགག་གྲོལ་སྟབས་བདེའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། འབྱུང་འཕྲོད་ཉོ་ཚོང་གོང་འཕེལ་ཧུར་ཐག་གཏོང་རྒྱུ། ཀྲུང་གོའི་བོད་ལྗོངས་ཀྱི“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཡག་པོ་གཉེར་རྒྱུ། ག་སྦྱར་རོགས་སྐྱོར་གྱི་ཕྱོགས་བསྡུས་ཕན་འབྲས་རྒྱུན་མཐུད་ཆེ་རུ་གཏོང་རྒྱུ། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱ་དང་། ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པ་སོགས་ཁུལ་ཁོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་བའི་འཐབ་ཇུས་དང་རང་འགུལ་ངང་འབྲེལ་མཐུད་བྱས་ནས་སྲིད་འཛིན་ས་ཁུལ་བརྒལ་བའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ། ཚོང་དང་མ་རྩ་འདྲེན་འགུགས་ཀྱི་སྐུལ་ལྕག་དང་གཏན་འགོག་བྱ་རྒྱུའི་དོན་ཚན་གྱི་གསལ་ཐོ་བཟོས་ཏེ་དམར་ཐིག་དང་མཐའ་ཚད་གསལ་པོ་འབྱེད་རྒྱུ། ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་ཚོང་འགུགས་དང་། ཡུལ་རྣམ་ཚོང་འགུགས། བོད་སྐྱོར་ཚོང་འགུགས་བཅས་བྱས་ཏེ། ཚོང་དང་མ་རྩ་འདྲེན་འགུགས་ཀྱི་རྣམ་གྲངས་ལ་བརྟེན་ནས་གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་སྒོར་དུང་ཕྱུར་220ལེགས་སྒྲུབ་བྱ་རྒྱུ།

(བདུན) ཁུལ་ཁོངས་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ། ལྷ་ས་ནས་ལྷོ་ཁའི་བར་གྱི་གོང་འཕེལ་ལྟེ་གཙོ་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། གཞིས་རྩེ་དང་ཆབ་མདོའི་ལྟེ་བའི་ཡན་ལག་གྲོང་ཁྱེར་གྱི་བྱེད་ནུས་ཆེ་རུ་གཏོང་བ། ཉིང་ཁྲིའི་དཔལ་འབྱོར་འཕར་སྣེ་གསར་པ་གཏོད་པ། ནག་ཆུ་དང་མངའ་རིས་སྤུས་ཚད་མཐོ་བའི་གོང་འཕེལ་གང་མགྱོགས་འགྲོ་བར་རྒྱབ་སྐྱོར་བཅས་བྱས་ཏེ་ས་གནས་ཁག་གིས་སོ་སོའི་ལེགས་ཆ་མངོན་པ་དང་མཐུན་སྦྱོར་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་སྟེ། གཅིག་ནི་རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་རྒྱུན་མཐུད་སྐུལ་སྤེལ་གཏོང་རྒྱུ། རྫོང་གྲོང་གཞི་རྟེན་གལ་ཆེན་དུ་བྱེད་པའི་རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ནས་གྲོང་ཁྱེར་ཁུལ་དང་རྫོང་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། གྲོང་ཁྱེར་གྱི་ལས་དོན་ཚོགས་འདུ་འཚོགས་ནས་གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། བར་སྐོར་གནའ་གྲོང་སྲུང་སྐྱོབ་དང་སྒྱུར་བཟོའི་ལས་གྲྭ་རྒྱུན་མཐུད་སྤེལ་བ་དང་། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་ལག་ལེན་བསྟར་ནས་ས་མཐོའི་ཁོར་ཡུག་དང་འཚམ་པའི“ཁང་པ་ཡག་པོ”བསྐྲུན་པར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་ཁྱུ་ཚོགས་དང་ཐོན་ལས་ཀྱི་གྲོང་རྡལ་སྟོབས་ཆེན་སྐྱོང་སྤེལ་ཧུར་ཐག་བྱས་ཐོག གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཁེབས་རྒྱ་གོ་རིམ་ལྡན་པའི་ངང་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ཐེག་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ། སྤྱི་པའི་གསང་སྤྱོད་གསར་སྐྲུན་སྒྱུར་སྐྲུན་གྱི་ལས་གྲྭ་ལག་བསྟར་བྱས་ཏེ་སྤྱི་པའི་གསང་སྤྱོད་བཅོས་སྒྲིག་གི་བྱ་སྤྱོད་ཏན་ཏིག་སྤེལ་རྒྱུ། གཉིས་ནི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ། དབུལ་སྒྲོལ་འགག་གྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་ཐོག རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ནང་བཅུག་ནས་གཅིག་གྱུར་འཆར་འགོད་ཀྱིས་ལག་བསྟར་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་མི་ཡོང་བ་དང་དབུལ་པོ་མི་ཆགས་པའི་མཐའ་ཚད་བརྟན་པོ་སྲུང་རྒྱུ། “ཁྲི་སྟོང་ལས་གཞིའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་མུ་མཐུད་ལག་ལེན་བསྟར་ནས་མིའི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་ཞིང་འབྲོག་པའི་རྣམ་པ་གསར་གཏོད་ཀྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། གྲོང་གསེབ་ཀྱི་འཐུང་ཆུ་མཁོ་འདོན་འགན་སྲུང་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་རྒྱུ།

(བརྒྱད) མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུ། “ཐཱན་གཉིས”ཀྱི་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་འབྱུང་འཕྲོད་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་ནས་ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་རྒྱ་ཆེར་གཏོང་། འཕར་སྣོན་ཡོང་བ་བཅས་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་སྟེ། གཅིག་ནི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོར་ཤུགས་སྣོན་རྒྱག་རྒྱུ། རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱས་ནས་རྨོ་ཞིང་བཟུང་བའི་ཁ་གསབ་དོ་སྙོམས་ཡོང་བ་བྱ་རྒྱུ། ནགས་ཚལ་དང་། རྩྭ་ཐང་། འདམ་ར་སོགས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གསབ་འཇལ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། ཡར་ཀླུང་གཙང་པོ་རྒྱུག་ཁུལ་སོགས་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སླར་གསོའི་ལས་གྲྭ་ལག་བསྟར་བྱ་རྒྱུ། རྒྱལ་ཁབ་སྤྱི་གླིང་གསར་འཛུགས་ལས་དོན་ཧུར་ཐག་སྤེལ་རྒྱུ། གནམ་གཤིས་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་སྔོན་གཏོང་མ་ལག་འཛུགས་པར་ཤུགས་སྣོན་བརྒྱབ་ནས་གནམ་ངན་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་རྒྱུ། གཉིས་ནི་རྒྱལ་ཁོངས་སྔོ་སྒྱུར་བྱ་སྤྱོད་རྒྱུན་མཐུད་སྤེལ་རྒྱུ། ནགས་གསོ་ནགས་སྐྱོང་མུའུ་ཁྲི་40ཡན་ལེགས་སྒྲུབ་བྱ་རྒྱུ། དེའི་ནང་ལྷོ་བྱང་རི་བོའི་སྔོ་སྒྱུར་ལས་གཞིའི་ནགས་གསོ་ནགས་སྐྱོང་མུའུ་ཁྲི་20ཚུད་ཡོད། ནགས་རྩྭ་ཐོན་ཁུངས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྩྭ་ཐང་ཞན་འགྱུར་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་ནས་རྩྭ་ཐང་ཞན་འགྱུར་མུའུ་ཁྲི་220སླར་གསོ་བཅོས་སྐྱོང་དང་ས་ཆུ་ཤོར་བ་མུའུ་ཁྲི་25བཅོས་སྐྱོང་བྱ་རྒྱུ། གསུམ་ནི་ཕྱོགས་བསྡུས་བཅོས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ། ཐཱན་འབུད་ཚོད་འཛིན་བྱེད་པ་གཉིས་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་ལམ་འཚོལ་ཞིབ་བྱས་ནས་ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་ཁབ་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་གྱི་ལམ་སྲོལ་ཚོད་ལྟར་སྐུལ་འདེད་གཏོང་རྒྱུ། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་རྒྱལ་ཁབ་རིམ་པའི་ཐཱན་མེད་གླིང་ཁུལ་བསྐྲུན་པར་སྐུལ་འདེད་གཏོང་རྒྱུ། “སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་གཏིང་ཟབ་ཏུ་བཏང་ནས་རླུང་ཁམས་ཆེན་མོ་དང་། ཆུ། ས་རྒྱུ། སྲ་གཟུགས་སྙིགས་རོ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། ཆུ་བོ་དང་མཚེའུ་ཆུ་མཛོད་གསུམ་གྱི“གང་བྱུང་བཞི་གཙང་སེལ”བྱ་རྒྱུ་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། རང་སྐྱོང་ལྗོངས་རིམ་པའི་བདེ་སྐྱིད་ཆུ་མཚོ་ཁག་17གསར་སྐྲུན་བཅས་བྱས་ནས་ཁོར་ཡུག་གི་སྤུས་ཚད་ཡག་པོ་རྒྱུན་མཐུད་ལ་འགན་ལེན་བྱ་རྒྱུ།

(དགུ) དམངས་འཚོར་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱ་རྒྱུ། དངོས་རྫས་མ་འཇོག་དང་མི་སྐྱོང་མ་འཇོག་ཟུང་འབྲེལ་དམ་ཟབ་བྱས་ཏེ་དོ་སྙོམས་རང་བཞིན་དང་ཁྱབ་ནུས་རང་བཞིན་ཆེ་བའི་དམངས་འཚོའི་སྲིད་ཇུས་དང་བྱེད་ཐབས་ཇུས་འགོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་136བཀོད་སྒྲིག་བྱས་ནས་དམངས་འཚོའི་བྱ་བ་དངོས་ཁག་34ལེགས་སྒྲུབ་བྱ་རྒྱུ་སྟེ། གཅིག་ནི་ལས་ཞུགས་སྔོན་འཇོག་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་རྒྱུ། ལས་བརྟན་དང་། སྤུས་ལེགས། ཤོང་སྐྱེད་བཅས་གསུམ་གྱི་བྱ་སྤྱོད་ཤུགས་ཆེན་སྤེལ་ནས་ལས་རིགས་རྩལ་ནུས་སྦྱོང་བརྡར་གཏིང་ཟབ་ཏུ་གཏོང་བ་དང་། གུན་གསབ་ལས་སྤྲོད་ལག་བསྟར་ཤུགས་ཆེན་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་5གསར་དུ་ལས་ཞུགས་ཐུབ་པར་འགན་ལེན་ཏན་ཏིག་བྱ་རྒྱུ་དང་། ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་དང་། ཁྲོམ་རར་ལས་ཀར་ཞུགས་ཚད་70%ཡན་ཟིན་པ་བྱ་རྒྱུ། ཞིང་འབྲོག་པ་ཁྲི་64ཡན་གནས་སྒྱུར་ལས་ཞུགས་ཐུབ་པ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་70ཡན་ཟིན་པ་བྱ་རྒྱུ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལེགས་སུ་བཏང་ནས་སྐབས་བསྟུན་ལས་ཞུགས་ཐུབ་མཁན་དང་རྣམ་གསར་ལས་ཞུགས་བྱེད་མཁན་རིགས་ལས་བཟོའི་འགན་བཅོལ་ནང་ཞུགས་པར་རྒྱབ་སྐྱོར་བྱ་རྒྱུ། གཉིས་ནི་སློབ་གསོའི་བྱ་གཞག་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དང་དེ་བཞིན་འགག་སྒྲོལ་དང་སྤུས་ཚད་མཐོར་གཏོང་བྱ་སྤྱོད་ལག་བསྟར་བྱ་རྒྱུ། སློབ་ལོ་ལོན་པའི་མི་འབོར་གྱི་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ལམ་ལུགས་འཛུགས་རྒྱུ། བུ་བཅོལ་ཁང་61གསར་སྐྲུན་བྱ་རྒྱུ། བོད་ལྗོངས་ཆ་ཚང་སློབ་འབྲིང(སི་ཁྲོན་ཐེན་ཧྥུ་སློབ་གྲྭ)སློབ་འགོ་ཚུགས་ནས་སློབ་མ་བསྡུ་རྒྱུ། བོད་ལྗོངས་སློབ་ཆེན་གྱི་སློབ་གསོའི་གྲོང་གི་སློབ་ཁུལ་གང་མགྱོགས་བསྐྲུན་རྒྱུ་དང་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་ཁུལ་གསར་པ་བསྐྲུན་རྒྱུ། ཐོན་ལས་གོང་འཕེལ་གྱི་དགོས་མཁོ་དང་བསྟུན་ནས་རིག་ཚན་ཆེད་ལས་ཀྱི་གྲུབ་ཆ་ལེགས་སྒྱུར་དང་ལེགས་སྒྲིག་བྱས་ཏེ་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། གསུམ་ནི་བདེ་ཐང་བོད་ལྗོངས་རྒྱུན་མཐུད་འཛུགས་སྐྲུན་བྱ་རྒྱུ། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་བཅས་མཐུན་སྦྱོར་གོང་འཕེལ་དང་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། སྨན་བཅོས་འཕྲོད་བསྟེན་གྱི་རྨང་བརྟན་ལས་གྲྭ་ལག་བསྟར་བྱས་ཏེ། ཚགས་དམ་པའི་སྨན་བཅོས་གཅིག་མཐུན་ཚོགས་པའི་ཚོད་ལྟར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་ས་མཐོའི་ནད་རིགས་གསོ་རིག་ལྟེ་གནས་དང་།

(པར་ངོས་བརྒྱད་པར་གཟིགས)(པར་ངོས་བདུན་པར་མཐུད) རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་ལྟེ་གནས(བོད་ལུགས་གསོ་རིག)དང་ཁུལ་ཁོངས་སྨན་བཅོས་ལྟེ་གནས་བཅས་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ། རྫོང་ཁོངས་ཀྱི་ཡུལ་ནད་དང་འགོས་ནད་དབྱེ་བཤེར་བཅོས་སྐྱོབ་བྱེད་ནུས་ཆེ་རུ་གཏོང་རྒྱུ། བཞི་ནི་རིག་གནས་དམངས་ཕན་ལག་བསྟར་གཏིང་ཟབ་བྱ་རྒྱུ། “སྐལ་བཟང་མེ་ཏོག”གི་འཁྲབ་སྟོན་དུས་ཚིགས་སོགས་རིག་རྩལ་གྲགས་རྟགས་ཁྱབ་གདལ་བཏང་ནས་དམངས་ཕན་འཁྲབ་སྟོན་ཐེངས་ཁྲི་10ཡན་བྱ་རྒྱུ། བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པ་དང་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་གྱི་མཐར་ཟད་འགྲན་བསྡུར་སོགས་རིག་གནས་ལུས་རྩལ་བྱེད་སྒོ་ཡག་པོ་སྤེལ་རྒྱུ། ལྔ་ནི་སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུ། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་སྟེ། གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་བ་དང་། ཚབས་ཆེའི་དབང་པོ་སྐྱོན་ཅན་གསོ་བཅོལ་དང་དབང་པོ་སྐྱོན་ཅན་གྱི་འདེགས་སྐྱོར་ཡོ་བྱད་འཚམ་སྒྲིག་བྱེད་པའི་རྒྱབ་སྐྱོར་སྲིད་ཇུས་ལེགས་སུ་གཏོང་བ། དཀའ་ངལ་ཡོད་པའི་ཚོགས་སྤྱིར་གཅེས་སྐྱོང་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཡུན་རིང་ནད་གཡོག་གི་འགན་བཅོལ་ལམ་ལུགས་འཛུགས་པ། བུ་གསོའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བཅས་བྱ་རྒྱུ། དྲུག་ནི་དིང་རིའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་བྱས་འབྲས་སྲ་བརྟན་དུ་གཏོང་རྒྱུ། གནོད་འཚེ་ཕོག་ཁུལ་གྱི་འགྲིམ་འགྲུལ་དང་། ཆུ་བེད། ནུས་ཁུངས་སོགས་རྨང་གཞིའི་སྒྲིག་བཀོད་དང་། སློབ་གསོ། སྨན་བཅོས་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་གང་མགྱོགས་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་རིག་གནས་ཡུལ་སྐོར་ལས་རིགས་སོགས་ཁྱད་ལྡན་ཐོན་ལས་སླར་གསོ་དང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ། གཙོ་གནད་ས་ཁོངས་ཀྱི་ས་གཤིས་གནོད་འཚེ་ཕྱོགས་བསྡུས་འགོག་བཅོས་བཅས་བྱས་ནས་གནོད་འཚེ་ཕོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བ་ཕྱོགས་ཡོངས་ནས་སླར་གསོ་ཐུབ་པའི་འགན་ལེན་བྱ་རྒྱུ།

(བཅུ) མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་དང་གོང་འཕེལ་མགྱོགས་སུ་གཏོང་རྒྱུ། མཐའ་མཚམས་ཀྱི་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་ཚན་རིག་དང་། སློབ་གསོ། རིག་གནས། འཕྲོད་བསྟེན། འགན་སྲུང་བཅས་ཀྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། མཐའ་མཚམས་གྲང་ངད་ཆེ་བའི་ས་ཁུལ་ལ་དྲོད་སྲུང་དང་གསོ་རླུང་གཏོང་བའི་ལས་གཞི་ལག་བསྟར་བྱེད་མགྱོགས་སུ་གཏོང་རྒྱུ། མཐའ་མཚམས་ཀྱི་བདེ་སྡོད་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ། མཐའ་མཚམས་ཀྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་བཀོད་སྒྲིག་བྱས་ནས་གོང་འཕེལ་ཡོང་བ་བྱ་རྒྱུ། རྒྱལ་གཅེས་མཐའ་སྲུང་གི་ཡུལ་སྐོར་སོགས་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་རྩེ་གྲ་འཆར་འགོད་དང་གསར་སྤེལ་བྱ་རྒྱུ། “མཉམ་སྤེལ་ལྔ་དང་སྲ་བརྟན་ལྔ”མགོ་སྦྲེལ་མཉམ་སྐྲུན་གཏིང་ཟབ་བྱ་རྒྱུ།

(བཅུ་གཅིག) ཆུ་ཚད་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་མཐའ་གཅིག་ཏུ་བྱས་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་བརྟན་པོའི་ངང་ཧུར་ཐག་སེལ་བ་དང་། ཁུལ་ཡོངས་ཀྱི་མངོན་མེད་བུ་ལོན་གཙང་སེལ་བྱས་ཏེ་ས་གནས་སྲིད་གཞུང་གི་མ་དངུལ་བསྡུ་རྒྱུག་ལས་སྟེགས་ཀྱི་གཉེར་སྐྱོང་རང་བཞིན་གྱི་བུ་ལོན་ཉེན་ཁ་སེལ་ཐབས་ནུས་ལྡན་བཅས་བྱ་རྒྱུ། དམངས་འཚོའི་ཚོང་ཟོག་གི་གྲངས་འབོར་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བར་འགན་སྲུང་བྱེད་པ་དང་། གློག་ཤུགས་དང་རང་བྱུང་སོལ་རླངས་སོགས་ནུས་ཁུངས་དང་ཐོན་ཁུངས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། ཟས་རིགས་དང་སྨན་རྫས་རིགས་ཀྱི་རྒྱུན་འཁོར་ཧྲིལ་པོའི་བདེ་འཇགས་ལྟ་སྡོམ་གྱི་ཕན་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ། ས་ཡོམ་དང་། ཆུ་རུད། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སོགས་ཀྱི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་བརྒྱབ་ནས་གནོད་འགོག་གེགས་སེལ་རྒུད་སྐྱོབ་ཀྱི་བདེ་འཇགས་སྲུང་རགས་བརྟན་དུ་གཏོང་རྒྱུ། འགྲིམ་འགྲུལ་དང་། གཏེར་རི། ཨར་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་དམ་པོར་དམིགས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་མཇུག་བསྡུའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུ།

(བོད་ཀྱི་ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས)