《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月18日

2025ལོར་བོད་ཀྱིས་འཛད་སྤྱོད་པར་སྒོར་ཁྲི་སྟོང་ཕྲག་ལྷག་ཙམ་གྱི་གྱོང་གུན་མི་ཕོག་པར་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་2026ལོའི“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། བོད་ཀྱི་2025ལོའི་ལོ་འཁོར་གྱི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི“གྲུབ་འབྲས་རེའུ་མིག”ལ་བཀྲག་མདངས་འཚེར་ས་མང་པོ་ཡོད་ཅིང་། ལོ་ཧྲིལ་པོར་འཛད་སྤྱོད་པར་དཔལ་འབྱོར་གྱོང་གུན་སྒོར་ཁྲི་1134.82མི་ཕོག་པར་བྱས་པ་དང་། 12315ཐད་སྦྲེལ་ཁ་པར་སྦྲེལ་མཐུད་བྱེད་ཚད་95%ཡན་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། འདུམ་འགྲིག་ལེགས་གྲུབ་བྱུང་ཚད་72%ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་17གྱིས་མཐོ་བ་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ལམ་སྲོལ་སྔོན་བསྟར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞུ་གཏུག་ཐབས་ལམ་ཤར་བགྲོད་ཧུར་ཐག་ཐུབ་པ་བྱེད་པ་དང་། ཁེ་དབང་སྲུང་སྐྱོང་གི་བྱ་ཐབས་གསར་གཏོད་བྱེད་པ། ཁྲིམས་སྒྱུར་གྱི་རལ་གྲི་རྣོན་པོ་འཕྱར་ཕོད་པ་བཅས་བྱས་ནས། འཛད་སྤྱོད་ཁེ་དབང་སྲུང་སྐྱོང་ལ་སྤྱི་ཚོགས་ཞུགས་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)

རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་འཛད་སྤྱོད་ཁོར་ཡུག་ལེགས་གཏོང་གི་ལོ་གསུམ་བྱ་སྤྱོད(2025-2027)ལག་བསྟར་ཇུས་གཞི》བཀྲམ་པའི་ནང་། འཛད་སྤྱོད་མཁོ་སྤྲོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། སྒྲིག་ལམ་ལེགས་སུ་གཏོང་བ། ཁེ་དབང་སྲུང་སྐྱོང་དང་ཕན་འབྲས་ཆེ་རུ་གཏོང་བ། ཁོར་ཡུག་མཉམ་བཅོས་བྱེད་པ། འཛད་སྤྱོད་ཁྲིད་སྟོན་བྱེད་པ་བཅས་ཀྱི་ཁྱབ་ཁོངས་ཆེན་པོ་ཁག་ལྔ་ཚུད་ཡོད། 2025ལོར། བོད་ཀྱི་12315ལས་སྟེགས་ཀྱིས་ཞུ་གཏུག་དང་ཐེར་འདོན་ཁྱོན་ཁྲི་2.33རྩིས་བླངས་ནས་ཐག་གཅོད་བྱས་ཡོད། རྒྱལ་ཡོངས་ཀྱི་12315ལས་སྟེགས་ལ་བརྟེན་ནས་ཐད་སྦྲེལ་ཁ་པར་དང་། APP སྐད་འཕྲིན་དང་དངུལ་སྤྲོད་འབོའི་བྱ་རིམ་ཆུང་ངུ་དང་། དེ་བཞིན་སྒོ་རྩར་ཡོང་ནས་ཞུ་གཏུག་རྒྱག་པ་སོགས་ཐབས་ལམ་ཆེན་པོ་ཁག་6ཤར་གཏོང་བྱས་པར། “ཁ་པར་ནས་བདག་སྤྲོད”དང“དྲ་ཐོག་ལས་སྟེགས”གཉིས་སྤྱོད་ཀྱི་རྣམ་པ་ཆགས་པར་བྱས་ཡོད། ལྗོངས་ཡོངས་ཀྱིས་ODR(དྲ་ཐོག་ནས་རྩོད་གཞི་འདུམ་འགྲིག)ཁེ་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བར་ཁྱོན་ཁེ་ལས་259ཟིན་པ་དང་། ལོ་ཧྲིལ་པོར་ཞུ་གཏུག་ཁག་265དང་ལེན་བྱས་པ། གྱོད་དོན་ཐག་གཅོད་བྱེད་ཚད་97.35%དང་འདུམ་འགྲིག་ལེགས་གྲུབ་བྱུང་ཚད་71.7%ཟིན་ནས། ཆ་སྙོམས་ཐག་གཅོད་དུས་ཡུན་དེ་སྔའི་ཐག་གཅོད་དུས་ཡུན་ལས་ཉིན་10.25ཐུང་དུ་ཕྱིན་ཏེ། “ཚོང་ཁང་ནས་རྩོད་གཞི་ཐག་གཅོད་ཐུབ་པ་དང་དབང་སྲུང་བྱེད་པར་གང་སར་རྒྱུག་མི་དགོས་པ”མངོན་འགྱུར་ཐུབ་པ་རེད།

ལྗོངས་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་དམངས་འཚོའི་ཁྱབ་ཁོངས་ཀྱི་བྱ་སྤྱོད་ནན་པོ་དམ་འཛིན་བྱ་གཞིར་བྱས་ཏེ། ཁྲིམས་འགལ་དང་སྒྲིག་འགལ་གྱི་གྱོད་གཞི་སྣ་ཚོགས་1987གྱོད་དོན་ཐོ་བཀོད་དང་ཞིབ་བཤེར་ཐག་གཅོད་བྱས་པར། གྱོད་གཞིའི་རིན་ཐང་སྒོར་ཁྲི་679.57ཟིན་པ་དང་། དངུལ་ཆད་དང་གཞུང་བཞེས་བཏང་བའི་དངུལ་འབོར་སྒོར་ཁྲི་1311.82ཟིན་པ། སྤྱི་བདེ་ལས་ཁུངས་ལ་དོགས་ཡོད་ཉེས་གསོག་གྱོད་གཞི་ཁག་10བསྐྱལ་བ། དཔེ་མཚོན་གྱོད་དཔེ་ཁག་ཐེངས་25ཡི་གྱོད་གཞི་173ཁྱབ་བསྒྲགས་བྱས་པ་རེད།