འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པས་2026ལོའི་ལྗོངས་ཡོངས་ཀྱི་ཆུ་བེད་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། 2025ལོར་ལྗོངས་ཡོངས་ཀྱི་ཆུ་བེད་ཁོངས་གཏོགས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། ཆུ་བེད་རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། ལས་གྲྭ་གལ་ཆེན་གྱི་གནས་སྤོས་ཡུལ་མི་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ། གཙང་པོ་དང་ཆུ་བོ་སྲུང་སྐྱོང་གི་བཅོས་སྐྱོང་ལ་ཤུགས་རྒྱག་པ་སོགས་ཀྱི་ཐད་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ་ཆུ་བཅོས་ཆུ་དར་ལས་དོན་སྐས་རིམ་གསར་པར་སླེབས་པ་མ་ཟད། ལྗོངས་ཡོངས་ཀྱི་ཆུ་བེད་ལས་དོན་ལ་གྲུབ་འབྲས་ཏན་ཏིག་ཀྱང་ཐོབ་ཡོད་པ་རེད།
ཆུ་དྲ་འཛུགས་སྐྲུན་ཕྱོགས་ཡོངས་ནས་མགྱོགས་སུ་སོང་ཞིང་། ལྗོངས་ཡོངས་ཀྱི་མ་འཇོག་གཞི་ཁྱོན་ཆེ་ཤོས་དང་ཕན་འབྲས་མངོན་གསལ་དོད་ཤོས་ཀྱི་ཆུ་བེད་ལས་གྲྭ་སྟེ། ལ་ལྷོ་ཆུ་བེད་ལྟེ་གནས་དང་ལྷན་སྦྱར་ཞིང་ཆུ་འདྲེན་ཁུལ་ལས་གྲྭ་ཆུ་བེད་པུའི་ཞིབ་བཤེར་རྩིས་ལེན་བདེ་བླག་བྱུང་བ་དང་། ཕུ་མདོའི་ཆུ་འདྲེན་ལས་གྲྭ་སོགས་རྣམ་གྲངས་གལ་ཆེན་ཁག་གཅིག་གི་དུས་འགོའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་རྗེས་མཐུད་ཀྱི་ཆུ་བེད་འཛུགས་སྐྲུན་ལ་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།
དམངས་འཚོ་འགན་སྲུང་ལ་སྤུས་འབྲས་ལེགས་གཉེར་བྱུང་ཞིང་། ལྗོངས་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)74ཚང་མས་གྲོང་གསེབ་ཆུ་མཁོ་འདོན་རྫོང་ཁོངས་ཀྱི་གཅིག་གྱུར་དོ་དམ་དོན་འཁྱོལ་བྱས་པས། གྲོང་གསེབ་ཀྱི་ཆུ་ཀ་ལ་ཁྱབ་གདལ་གཏོང་ཚད་70.88%ཟིན་ནས་གྲོང་གསེབ་གྱི་འཐུང་ཆུའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་བསྲུངས་ཡོད།
ཆུའི་ཐོན་ཁུངས་དང་ཆུའི་སྐྱེ་ཁམས་ལྟ་འདོམས་བྱེད་ཚད་དེ་བས་ནན་དུ་ཕྱིན་ཞིང་། ལོ་གཅིག་ནང་རིམ་རྩིས་བརྒྱབ་ན་ས་ཆུ་ཤོར་ཚད་སྤྱི་ལེ་ངོས་གྲུ་158.12ལ་བཅོས་སྒྲིག་བྱས་ནས་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་གཙང་པོ་དང་མཚེའུ་47བསྐྲུན་པ་དང་། རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་བྱ་སྤྱོད་གཏིང་ཟབ་སྤེལ་ནས་ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་ཆུ་སྤྱོད་པའི་ཆུ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ཡོད་པ་རེད།