2024ལོར། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་མི་དམངས་ཁྲིམས་ཁང་ཀོ་ལུག་ཁྲིམས་རའི“‘ཁྲིམས་ར་དང་སུའོ་ལྟེ་གནས་མཉམ་སྐྲུན’ལག་ལེན་གྱི‘ཀོ་ལུག་ཉམས་མྱོང’”ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་དུས་རབས་གསར་པའི་མི་དམངས་ཁྲིམས་ར་འཛུགས་པའི་དཔེ་མཚོན་དུ་བདམས་ཤིང་། དེ་ནས་བཟུང“ཀོ་ལུག་ཉམས་མྱོང”གི་མཚན་སྙན་གང་སར་ཁྱབ།
ད་ཆ་ཀོ་ལུག་ཁྲིམས་རས་སླར་ཡང་ཁོངས་གཏོགས་ཁུལ་གྱི་ཁྲིམས་འཛིན་སུའོ་དང་། མངགས་གཏོང་ཁང་། ཕྱོཌ་བསྡུས་བཅོས་སྐྱོང་ལྟེ་གནས་སོགས་དང་མཉམ་འབྲེལ་བྱས་ཏེ། “ཀོ་ལུག་ཉམས་མྱོང”དེ“ཁྲིམས་ར་དང་སུའོ་ཡི་ལྟེ་གནས་མཉམ་སྐྲུན”བྱེད་པར་རིམ་སྤོར་གསར་སྒྱུར་བྱས་པ་དང་འབྲེལ་དེའི་གོ་དོན་ཡང་གཏིང་ཟབ་ཏུ་བཏང་།
སྒོ་རྩར་ཐེངས་གསུམ་བསྐྱོད་ནས་འགལ་ཟླ་བསལ་བ།
ད་ལོའི་དཔྱིད་ཀར། ཀོ་ལུག་གྲོང་རྡལ་གྱི་ཕུར་ཆེ་གེ་མོ་དང་སྤེན་ཆེ་གེ་མོ་གཉིས་བཟའ་ཚང་འཆམ་མཐུན་མ་བྱུང་བར་ཁྲིམས་ལ་ཐུག རྒྱུ་ནོར་བགོ་བཤར་གྲོས་འདུན་གཅིག་མཐུན་བྱུང་མོད། འོན་ཀྱང་ནར་མ་སོན་པའི་བུ་ཕྲུག་གི་གསོ་སྐྱོང་དབང་ཆ་དང་ཐུག་འཕྲད་བྱེད་དབང་ཐད་རྩོད་པ་མང་པོ་ཤོར།
ཀོ་ལུག་ཁྲིམས་རའི་ལས་བྱེད་ཉེན་རྟོག་པ་ཚོས་ལམ་སེང་ཐག་མ་བཅད་པར། ཁྲིམས་འཛིན་ཁང་གི་ལས་བྱེད་མི་སྣ་དང་མཉམ་འབྲེལ་བྱས་ཏེ། སྒོ་རྩར་འདུམ་འགྲིག་བྱེད་པར་ཐེངས་གསུམ་བསྐྱོད།
སྒོ་རྩར་ཐེངས་དང་པོ་སྐྱོད་སྐབས། ཉེན་རྟོག་པ་ཚོས་གྱོད་དོན་གྱི་སྐོར་མ་བཤད་པར་ཁོང་གཉིས་དབར་གནས་ཚུལ་གང་ལྷག་ཡོད་མེད་ཉན་ནས་བསྡད། དོ་བདག་གི་རྒྱུས་མངའ་ཆེ་བའི་ཁྱིམ་དུ་བཟའ་ཚོ་གཉིས་པོས་ཡུན་རིང་སེམས་ནང་ཉར་བའི་སེམས་ནད་ཚང་མ་སྦ་གསང་མེད་པར་བརྗོད་ཅིང་། ལས་བྱེད་ཉེན་རྟོག་པ་ཚོས་ལྷག་བསམ་རྣམ་དག་གིས་ཉན་ནས་ཕན་ཚུན་ཡིད་ཆེས་བྱེད་ལམ་ཞིག་བཙུགས། སྒོ་རྩར་ཐེངས་གཉིས་པ་སྐྱོད་སྐབས། ཉེན་རྟོག་པ་ཚོས་འགལ་བ་འབྱུང་རྐྱེན་ལ་དམིགས་ནས་ཕྱོགས་གཉིས་པོར་སེམས་རྣལ་ལ་ཕབ་སྟེ་ཕན་ཚུན་སྐད་ཆ་ཡག་པོ་བྱེད་དགོས་པའི་ཁྲིད་སྟོན་བྱས་ཤིང་། “བུ་ཕྲུག་མཉམ་དུ་གསོ་སྐྱོང་བྱེད་པའི”འགན་འཁྲིའི་འདུ་ཤེས་ཁོང་གཉིས་པོའི་སེམས་ནང་འཇགས་ཐབས་བྱས། སྒོ་རྩར་སྐྱོད་ཐེངས་གསུམ་པར། ལས་བྱེད་ཉེན་རྟོག་པས་ཆེད་མངགས་བྱིས་པར་དྲོ་སྐྱིད་ལྡན་པའི་སེམས་གཏམ་བརྗོད་ས་ཡག་པོ་ཞིག་བསྐྲུན་ཞིང་། ཁོ་ཚོས་བྱིས་པའི་སེམས་གཏིང་གི་བསམ་ཚུལ་ངང་རྒྱུད་རིང་པོས་ཉན།
མཐར་ཕྱོགས་གཉིས་དབར་གྲོས་མཐུན་བཞག་པ་སྟེ། ཕྲུ་གུ་སྤེན་ཆེ་གེ་མོས་གསོ་རྒྱུ་དང་། ཕུར་ཆེ་གེ་མོར་ཐུག་འཕྲད་བྱེད་དབང་ཡོད་པ་དང་ཆབས་ཅིག་འབྲེལ་འདྲིས་བྱེད་ཟབ་ཏུ་བཏང་ནས་མཉམ་དུ་བྱིས་པ་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱ་རྒྱུའི་ཁས་བླངས། སྤེན་ཆེ་གེ་མོས་ཉེན་རྟོག་པའི་ལག་ནས་འཇུས་ཏེ། “ཁྲིམས་རས་ཁྲིམས་ལྟར་གྱོད་ཐག་བཅད་པ་མ་ཟད། ད་དུང་ང་ཚོར་ཕ་མ་ཡག་པོ་ཞིག་གང་འདྲ་བྱེད་དགོས་མིན་བསླབས་བྱུང”ཞེས་བཤད།
ལག་བསྟར་རན་པོ་བྱས་ནས་གྲོང་པ་ཁྱིམ་མཚེས་ཀྱི་མཛའ་བཤེས་སླར་གསོ་བྱས་པ།
གལ་ཏེ་བཟའ་ཚང་ཁ་བྲལ་གྱོད་དོན་གྱི་ཚོད་བགམ་བྱེད་ས་ནི་ཁྲིམས་འཛིན་གྱི་དྲོད་ཚད་རེད་ཟེར་ན། གྱོད་དོན་ལག་བསྟར་བྱེད་པའི་ཚོད་བགམ་བྱེད་ས་ནི་ཁྲིམས་འཛིན་གྱི་བློ་གྲོས་རེད།
བཀྲ་ཆེ་གེ་མོ་དང་བློ་ཆེ་མོ་གཉིས་མ་གཞི་གྲོང་ཚོ་གཅིག་གི་ཡུལ་མི་ཡིན་མོད། འོན་ཀྱང་དངུལ་བུན་གཏོང་ལེན་རྐྱེན་གྱིས་ཁྲིམས་ལ་ཐུག གྱོད་དོན་ལག་བསྟར་བྱེད་པའི་དུས་རིམ་ལ་སླེབས་དུས། ཀོ་ལུག་ཁྲིམས་རར་བཙན་ཤེད་ཀྱིས་ལག་བསྟར་བྱེད་དུ་འཇུག་པའམ་ཡང་ན་གྲོང་ཚོ་གཅིག་ནང་སྡོད་མཁན་ཡིན་པའི་ཁྱིམ་མཚེས་ཀྱི་མཛའ་བཤེས་སླར་གསོ་བྱེད་དགོས་མིན་གྱི་ཚོད་བགམ་ཞིག་འཕྲད།
ཁྲིམས་རས་ཕྱི་མ་དེ་བདམས་པ་སྟེ“མི་རབས་ནས་མི་རབས་བར་ཁྱིམ་མཚེས་ཡིན་པས། བཙན་ཤེད་ཀྱིས་ཐག་གཅོད་བྱས་ན་ཕྱོགས་གཅིག་ལ་ཁ་མཆུ་ཐོབ་མོད། འོན་ཀྱང་ཁྱིམ་མཚེས་དབར་འཆམ་མཐུན་ཡོང་གི་མེད”ལག་བསྟར་ལས་བྱེད་ཉེན་རྟོག་པས་རང་འགུལ་ངང་རྒྱུ་ནོར་གྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་རོགས་བྱས་ཏེ། ཕྱོགས་གཉིས་པོའི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས།
ལས་ཀ་ཞིབ་ཚགས་བྱས་པ་བརྒྱུད་ལག་བསྟར་འདུམ་འགྲིག་ཡག་པོ་བྱུང་ཞིང་། བློ་ཆེ་གེ་མོས་སྒོར་1000སྤྲད་པ་དང་འབྲེལ་དངུལ་ལྷག་མ་རྣམས་2026ལོའི་ཟླ་7ཚེས་20ཉིན་གྱི་གོང་ལ་སྤྲོད་རྒྱུའི་ཁ་ཆད་བྱས།
སྤྲོད་ཐེངས་དང་པོའི་དངུལ་རག་པའི་བཀྲ་ཆེ་གེ་མོས“ཁྲིམས་རས་ངའི་ཁེ་དབང་ལ་འགན་སྲུང་བྱས་བྱུང་ལ་ཁྱིམ་མཚེས་རྙིང་པ་ཡིན་པར་བསམ་གཞིགས་ཀྱང་བྱས་པ་ལས་ང་ཚོའི་བློ་རྦད་དེ་མགུ་སོང”ཞེས་མྱོང་ཚོར་ཟབ་མོས་བཤད།
མཐུན་སྦྱོར་མཉམ་འགུལ་བྱས་ཏེ་རྩོད་གཞི་སེལ་ཐབས་ལེགས་སུ་བཏང་བ།
ཀོ་ལུག་ཁྲིམས་རའི་རིམ་སྤོར་འགྱུར་ལྡོག་ནི་ཕྱོགས་ཡོངས་ལ་ཁྱབ་ཡོད།
ཁོང་ཚོས་ཁྲིམས་ར་ཁོ་ནར་བརྟེན་ན་ཡངས་ཤིང་རྒྱ་ཆེ་བའི་འབྲོག་ཁུལ་གྱི་ཁུག་ཀྱོག་ཚང་མར་ཁྱབ་དཀའ་བ་གསལ་པོ་ཤེས་ཀྱི་ཡོད། དེར་བརྟེན་ཁྲིམས་རས“ཁྲིམས་ར་དང་སུའོ་ལྟེ་གནས་མཉམ་སྐྲུན”ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཞིང་། ཁོངས་གཏོགས་ཁུལ་གྱི་ཁྲིམས་འཛིན་སུའོ་དང་། མངགས་གཏོང་ཁང་། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་བཅས་དང་མཉམ་འབྲེལ་ཐོག་རྒྱུན་གཏན་ཅན་གྱི་འདུམ་འགྲིག་ལས་དོན་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་བཙུགས།
ཁྲིམས་འཛིན་ཞབས་འདེགས་དུས་དང་རྣམ་པ་ཀུན་ཏུ་ཞུ་རྒྱུ་ཡོང་བར་བྱེད་ཆེད། ཁྲིམས་རས་ཀོ་ལུག་གྲོང་རྡལ་དང་། ཡོས་ཆགས་ཤང་། ཤ་མོང་ཤང་བཅས་ཀྱི་སྲིད་འཛིན་གྲོང་ཚོ་31ཚང་མར་སྐད་ཡིག་གཉིས་ཀྱི“གཅེས་སེམས་འབྲེལ་གཏུག་གཱ”སྤྲད་དེ། ཁྲིམས་འཛིན་གྱིས་དམངས་ལ་ཞབས་འདེགས་ཞུ་བའི་ཐད“སེམས་འབྲེལ་ཟམ་པ”ཞིག་བསྐྲུན། ད་ཆ་འབྲོག་པ་ཕན་ཚུན་རྩོད་པ་ཤོར་སྐབས་ཁ་པར་གཅིག་བརྒྱབ་ན་ཁྲིམས་རའི་ལས་བྱེད་ཉེན་རྟོག་པ་དང་འཕྲལ་མར་འབྲེལ་གཏུག་བྱེད་ཐུབ།
“ཁྲིམས་རར་གྱོད་གཞི་འདྲི་རྩད་བྱེད་པ”ནས“རང་འགུལ་ངང་བྱ་སྤྱོད་སྤེལ་བའི”བར་དང“ཁེར་རྐྱང་འཐབ་འཛིང་བྱེད་པ”ནས“མཐུན་སྦྱོར་མཉམ་འགུལ་བྱེད་པའི”བར་དུ་ཀོ་ལུག་ཁྲིམས་རས་དྲོ་སྐྱིད་ལྡན་པའི་འདྲི་རྟོག་དང་། ངང་རྒྱུད་རིང་བའི་འདུམ་འགྲིག ཞིབ་ཅིང་ཕྲ་བའི་བྱེད་ཐབས་བཅས་བརྒྱུད། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”བྱང་རྩྭ་ཐང་དུ་ཁྱབ་སྤེལ་ཐུབ་པ་དང“ཞི་མཐུན་མེ་ཏོག”གང་ས་གང་དུ་རྣམ་པར་བཞད་པར་བྱས།
(སྤེན་ཚེ་དང་དཔའ་མོས་སྒྱུར་ཞུས་བྱས)