འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་ལྷོ་རི་བྱང་རི་སྔོ་འགྱུར་གྱི་2026ལོའི་ལོ་འཁོར་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭས་ལོ་ལྔའི་རིང་རིམ་རྩིས་བརྒྱབ་ན་ནགས་བཟོ་མུའུ་ཁྲི་110.87བྱས་ནས། ནགས་ཚལ་གྱི་རྒྱ་ཁྱོན་མུའུ་ཁྲི་93.24ཆེ་རུ་བཏང་བ་དང་། སྡོང་ཕྲུག་དུང་ཕྱུར་1.25ལྷག་ཙམ་བཙུགས་པ། སྤྱིའི་གསོན་ཚད་85%ཡན་བརྟན་པོ་བྱུང་སྟེ་འཆར་འགོད་དམིགས་ཚད་ཚད་བརྒལ་ངང་ལེགས་གྲུབ་བྱུང་ནས“ལོ་ལྔའི་ནང་རི་ཀླུང་སྔོ་འགྱུར”གྱི་དམིགས་ཚད་བདེ་བླག་ངང་ལེགས་གྲུབ་བྱུང་བ་རེད།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)
ལོ་ལྔའི་རིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་གཏན་འཁེལ་བྱས་ཏེ་འགག་སྒྲོལ་དཀའ་སེལ་དང་ཚན་རིག་དང་མཐུན་པའི་ངང་ཐབས་ཇུས་བཏོན་པས། ལྷ་ས་དང་དེ་བཞིན་མཐའ་འཁོར་ས་ཁོངས་ཐང་རྒོད་ནས་རི་སྔོན་ཆུ་དྭངས་ཡིན་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཡོང་བར་སྐུལ་འདེད་བཏང་ཏེ་གངས་ལྗོངས་ས་མཐོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་མཚོན་རྟགས་རང་བཞིན་གྱི་ལས་གྲྭར་གྱུར་ཡོད།
ལས་གྲྭ་འཛུགས་སྐྲུན་ཐད་རྨང་གཞིའི་སྒྲིག་བཀོད་སྔོན་ལ་འཇོག་པ་དང་བརྒྱུད་རིམ་ལྡན་པའི་འགན་ལེན་གནད་ལ་འཁེལ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ལོ་ལྔའི་རིང་འཕྲུལ་ཁྲོན་76དང་། ཆུ་འཐེན་ས་ཚིགས་279 ཆུ་གསོག་རྫིང་བུ་1679 བདག་སྐྱོང་འགྲོ་ལམ་སྤྱི་ལེ་217 བདག་སྐྱོང་ས་ཚིགས་294བཅས་བསྐྲུན་པ་དང་། ཆུ་འདྲེན་མདོང་ལམ་སྨི་ཁྲི་400ལྷག་ཙམ་བཏིང་བས“ནཌ་ཚལ་ཡོད་སར་ཆུ་གཏོང་ཐུབ་པ་དང་། ཆུ་ཡོད་སར་གློག་ཁྲིད་ཐུབ་པ། ནགས་ཚལ་ཡོད་སར་ལམ་ཡོད་པ”བཅས་གཞི་གཅིག་ཅན་གྱི་འགན་ལེན་རྣམ་པ་གྲུབ་ནས་རང་འགུལ་ཅན་དང་བློ་རིག་ཅན་གྱི་ཆུ་འདྲེན་མ་ལག་བཙུགས་ཡོད།
ལས་གྲྭ་དེས་སྐྱེ་ཁམས་འཛུགས་སྐྱོང་དང་མང་ཚོགས་ཀྱི་འབབ་འཕར་ཟུང་འབྲེལ་དམ་ཟབ་བྱས་ནས་སྐྱེ་ཁམས་དང་དམངས་འཚོ་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་བཏོད་ཅིང་། ལོ་ལྔའི་རིང་། ལས་གྲྭ་དེས་ཞིང་འབྲོག་པ་མི་ཐེངས་ཁྲི་990ལྷག་ཙམ་ལས་ཞུགས་ཐུབ་ནས། འབབ་འཕར་སྒོར་དུང་ཕྱུར་32ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་པ་དང་། མང་ཚོགས་6200ལྷག་ཙམ་ཆེད་ལས་བདག་སྐྱོང་པར་གྱུར་ཏེ“ལྗང་མདོག་གི་ལྟོ་ཕོར”ལག་ཏུ་དམ་པོར་བཟུང་ཐུབ་ནས་སྐྱེ་ཁམས་ལེགས་སུ་དང་འབབ་འཕར་བྱུང་ཡོད་ལ། སྔོ་ལྗང་ཅན་དང་འཕེལ་རྒྱས་གཉིས་ཕན་བྱུང་ཡོད།
“བུད་མེད་ཀྱི་ནགས་ཚལ”དང་། “རྩ་འཛུགས་ལས་བྱེད་པའི་ནགས་ཚལ”“བརྒྱད་གཅིག་ནགས་ཚལ”“དྲག་ཆས་ཉེན་རྟོག་པའི་ནགས་ཚལ”སོགས་ཀྱི་བརྗོད་དོན་གཙོ་བོའི་ནགས་ཚལ་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་པ་དང་བསྟུན་ནས“བོད་དུ་ང་ལ་ཤིང་སྡོང་གཅིག་ཡོད་པའི”སྤྱི་ཕན་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་སྤྱི་ཚོགས་ལས་རིགས་ཁག་གིས་ནགས་བཟོ་ནགས་སྲུང་ནང་ཧུར་ཐག་ཞུགས་ནས། སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་སྟེ་དམངས་ཡོངས་ཀྱིས་ལྕང་མ་འཛུགས་པ་དང་། སྔོ་ལྗང་ལ་དགའ་ཞེན། སྔོ་ལྗང་སྲུང་སྐྱོང་བཅས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ནི་གངས་ལྗོངས་ས་མཐོའི་དར་སྲོལ་ཞིག་ཏུ་གྱུར་ཡོད།
(པད་ཆོས་ཀྱིས་བསྒྱུར། ལྷག་ཚེས་ཞུས)