《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月18日

མཐོ་གྲང་དང་ས་བབ་མཐོ་བའི་ས་ཆར་ཤིང་ཚོད་འདེབས་བྱས་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

ནག་ཆུ་གྲོང་ཁུལ་དུ་རྒྱ་ལྕང་བཏབ་ནས་ལོ་18སོང་བ།

གྲོང་ཁུལ་དུ་ཤིང་ཚོད་འདེབས་བྱེད་ཚད་སྡོང་རྐང་ཁྲི་8ཟིན་པ་དང་་གསོན་ཚད་80%ཟིན་པ།

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། 2008ལོར་ནག་ཆུ་གྲོང་ཁུལ་གྱི་ཚེ་ཆུ་གཙང་འགྲམ་གྱི་མཐོ་གྲང་ཤིང་ཚོད་འདེབས་རྟེན་གཞི་དང་པོར་རི་མཐོའི་རྒྱ་ལྕང་ཁག་དང་པོ་བཏབ་ནས་ད་བར་ལོ་18ཏག་ཏག་སོང་ཡོད། དེ་སྔ་ལི་སྨི་30ཙམ་ཡང་མ་ཟིན་པའི་ལྕང་སོན་དེ་དག་ད་ཆ་མཐོ་ཚད་སྨི་4.5ཙམ་བར་སྐྱེ་འཚར་བྱུང་ནས་ས་བབ་མཐོ་ཤོས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་དེར་ལྗོན་ཤིང་མེད་པའི་ལོ་རྒྱུས་མཇུག་འགྲིལ་བའི་དཔང་པོར་གྱུར་ཡོད།

“མིག་སྔར། ནག་ཆུ་གྲོང་ཁུལ་དུ་ཤིང་ཚོད་འདེབས་བྱེད་ཚད་སྡོང་རྐང་ཁྲི་8ཙམ་ཟིན་ནས་གསོན་ཚད་80%ཟིན་ཡོད”ནག་ཆུ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པ་ཝང་མིང་ཆིང་གིས“དེ་སྔ་ནག་ཆུར་ས་བབ་མཐོ་བ་དང་། འཁྱགས་ས་གཏིང་རིང་བ། ལྷགས་པ་ཆེ་ལ་གྲང་ངར་ཆེ་བ་བཅས་ཀྱིས་རྐྱེན་པས‘ཤིང་འཛུགས་རྒྱུར་མི་འཚམ་པར’ཚིག་ཐག་གཅོད་ཀྱི་ཡོད། ད་ཆ། སྔོ་ལྗང་ཁུལ་དེས་ས་མཐོའི་ནགས་ཚལ་དང་རྩྭ་ཐང་འདེབས་མཁན་མི་རབས་ཁ་ཤས་ཀྱི་བློ་ཕམ་དུ་བཅུག་མེད་ལ་གྲོང་མིའི་རེ་བ་ཡང་ཆུད་ཟོས་སུ་བཏང་མེད”ཅེས་ངོ་སྤྲོད་བྱས།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་གྲོང་ཁུལ་གྱི་ཤིང་འཛུགས་ཚོད་འདེབས་དེ་དུས་རབས་གོང་མའི་ལོ་རབས་90པར་འགོ་ཚུགས་པ་དང་1998ལོར་ཚོད་འདེབས་བྱེད་ཐེངས་དང་པོ་བྱས་པའི་སྡོང་ཕྲུག་མང་ཆེ་བ་ཕྱི་ལོའི་དཔྱིད་ཀ་བར་འཁྱོལ་གྱི་མེད་པ་དང་2007ལོར་སླར་ཡང་སྦྱར་པ་རྐང་10ནང་འདྲེན་བྱས་ཀྱང་རྐང་1ལས་གསོན་ཐུབ་མེད། དཀའ་སྤྱད་འཚོལ་ཞིབ་བྱས་པ་བརྒྱུད། ནག་ཆུའི་མི་དམངས་ཀྱིས་མཐོ་གྲང་དང་ས་བབ་མཐོ་སར་ཤིང་འཛུགས་ཚོད་འདེབས་བྱེད་པར་ངེས་པར་དུ་ཚན་རིག་དང་མཐུན་པའི་ལམ་བུར་སྐྱོད་དགོས་ལ་གོམ་པ་རེ་རེ་བཞིན་སྙིང་རུས་གཏན་འཁྱོངས་བྱེད་དགོས་པའང་རྟོགས་ཡོད།

2008ལོར་ནག་ཆུ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་མཐོ་གྲང་ཤིང་འཛུགས་ཚོད་འདེབས་རྟེན་གཞི་ཨང་དང་པོ་བསྐྲུན་པ་དེ་ནག་ཆུའི་ཤིང་འཛུགས་ལོ་རྒྱུས་ཐོག་གི་ཁ་ཕྱོགས་སྒྱུར་མཚམས་གལ་ཆེན་ཞིག་ཏུ་གྱུར་ཡོད། ས་ཁྱོན་མུའུ་12བཟུང་བའི་ཚད་ལྡན་ཅན་གྱི་ཚོད་འདེབས་རྟེན་གཞི་དེས་ནག་ཆུར་གཞི་ཁྱོན་ཅན་གྱི་ཤིང་འཛུགས་ཚོད་འདེབས་བྱེད་འགོ་ཚུགས་ཡོད། ད་ཆ་ལོ་18སོང་བའི་རྒྱ་ལྕང་དེ་དག་ཀྱང་སྐབས་དེ་དུས་བཏབ་པ་ཞིག་རེད།

ཚོད་ལྟ་དང་ལེགས་འདེམས་ཟམ་མི་ཆད་པར་བྱས་མཐར། ནག་ཆུར་རྒྱ་ལྕང་དང་གླ་ཚེར་གཙོ་བོ་བྱས་པ་དང་ཤུག་པ་དང་འོམ་བུ་སོགས་ཁ་གསབ་ཏུ་བྱེད་པའི་ཚོད་འདེབས་མ་ལག་ཅིག་ཆགས་ཡོད།

“ངའི་ངོས་ནས་བརྗོད་ན་ཤིང་སྡོང་དེ་དག་ངའི་ཕྲུ་གུ་དང་ཁྱད་པར་མེད། ངས་ལས་ཀ་དེ་རང་ཉིད་ཀྱིས་དགའ་ཤོས་བྱེད་པའི་བྱ་གཞག་ཅིག་ཏུ་བརྩི་ཡི་ཡོད”ནག་ཆུ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་བསྟན་འཛིན་ཕུན་ཚོགས་ལོ་གཅིག་ནང་ཉིན་150ལྷག་ཙམ་ཚོད་འདེབས་ཀྱི་འཐབ་ས་དང་པོར་ལས་ཀ་བྱེད་ཀྱི་ཡོད། བསྟན་འཛིན་ཕུན་ཚོགས་དང་འདྲ་བའི“ནག་ཆུར་ཤིང་འཛུགས་མཁན”གྱིས་རྟག་ཏུ་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས་ཁྱིམ་གཞིས་ཀྱི“སྔོ་ལྗང”སྲུང་སྐྱོང་བྱེད་བཞིན་ཡོད།

འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ཝང་མིང་ཆིང་གིས“ང་ཚོས‘ནག་ཆུའི་དེ་བས་སྤུས་ཚད་ལྡན་པའི’འབད་འཐབ་དམིགས་ཚད་ལ་དམིགས་ནས། མུ་མཐུད་ཡུལ་བབ་དང་བསྟུན་པ་དང་ཏན་ཏན་ཏིག་ཏིག་གིས་ལས་དོན་སྤེལ་རྒྱུ་ཡིན་པས། ཡུན་རིང་མ་སོང་བར་ནག་ཆུར་དེ་བས་མཛེས་སྡུག་ལྡན་པའི་ཤིང་སྡོང་མཐོང་རྒྱུ་ཡོད་པ་དང་མགོ་བོ་འདེགས་སྐབས་སྔོ་ལྗང་མཐོང་རྒྱུ་ཡོད་པའི་རྣམ་པ་ཞིག་ཐོན་རྒྱུའི་ཡིད་ཆེས་ཡོད”ཅེས་བརྗོད།

(བདེ་དབང་གིས་བསྒྱུར། ཚེ་ལྷས་ཞུས)