མི་ཚོགས་སྟུག་སའི་དོ་དམ་མི་སྣས་ལས་དོན་གང་དག་ཡག་པོ་སྒྲུབ་དགོས་པ་དང་། མགྲོན་ཁང་དང་ཟ་ཁང་སོགས་སུ་འཛུལ་སྐབས་དོན་དག་གང་དག་ལ་དོ་སྣང་བྱེད་དགོས་པ། གློ་བུར་དུ་མེ་སྐྱོན་ཐོན་ཚེ་སྲོག་ཉེན་ལས་ཐར་ཐབས་ཇི་ལྟར་བྱེད་དགོས་སམ།
གཅིག མི་ཚོགས་སྟུག་སར་ཐོན་པའི་དོན་རྐྱེན་གྱི་ཁྱད་ཆོས།
མི་སྣ་ཤི་རྨས་མང་བ་དང་། དཔལ་འབྱོར་གྱི་གྱོང་གུན་ཆེ་བ། ཐོལ་བྱུང་རང་བཞིན་ཆེ་བ། ཚོད་འཛིན་བྱེད་དཀའ་བ་བཅས་སོ།
གཉིས། དྲན་སྐུལ་གལ་ཆེན།
1. མི་ཚོགས་སྟུག་སའི་སྒོ་དང་སྒེའུ་ཁུང་ལ་སྲོག་ཉེན་ལས་ཐར་བྱེད་ཀྱི་བྲོས་ས་དང་མེ་གསོད་རོགས་སྐྱོབ་ལ་ཤུགས་རྐྱེན་ངན་པ་བཟོ་བའི་རྐུན་འགོག་དྲ་བ་དང་། ལྕགས་དྲ། བརྡ་ཁྱབ་བྱང་བུ་སོགས་ཀྱི་བཀག་དངོས་གང་བྱུང་དུ་བསྒར་མི་ཆོག
2. མི་ཚོགས་སྟུག་སའི་ཕྱི་ལོགས་ཀྱི་བརྡ་ཁྱབ་བྱང་བུས་སྐྲུན་དངོས་ཀྱི་སྤྱི་པའི་བདེ་འཇགས་ལ་ཤུགས་རྐྱེན་མི་ཐེབས་པ་བྱེད་དགོས།
གསུམ། མི་ཚོགས་སྟུག་སའི་དོ་དམ་མི་སྣས་ངེས་པར་དུ་དོ་སྣང་བྱེད་དགོས་པའི་གནད།
1. མེ་ཟོན་ཐད་ཞིབ་བཤེར་དང་སྐོར་ཞིབ་བྱས་ཏེ་ཁ་འགྲེམ་བགྲོད་ལམ་དང་། བདེ་འཇགས་ཐོན་སྒོ མེ་གསོད་རླངས་འཁོར་གྱི་བགྲོད་ལམ་བཅས་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།
2. མེ་གསོད་སྒྲིག་ཆས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་སྲུང་སྐྱོང་བྱས་ནས། མེ་གསོད་སྒྲིག་ཆས་ཆ་ཚང་བ་དང་ཡག་པོ་སྤྱོད་ཐུབ་པར་འགན་ལེན་བྱེད་དགོས།
3. མེ་སྤྱོད་ཐད་ཀྱི་ཞིབ་མཆན་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། སྒྲིག་འགལ་ངང་མེ་སྤོར་བའི་ལས་ཀ་གཏན་འགོག་བྱེད་པ་དང་། སྒྲིག་འགལ་ངང་ཚ་ལ་རྒྱག་པ་གཏན་འགོག་བྱེད་དགོས།
4. མེ་གསོད་དང་འཕྲལ་སྡོམ་ཐག་གཅོད་ཀྱི་སྔོན་ཇུས་བཟོས་ནས། ལས་བཟོ་སྒྲིག་འཛུགས་ཀྱིས་མེ་གསོད་ནང་སྦྱོང་བྱེད་དགོས།
བཞི། མི་ཚོགས་སྟུག་སར་འཛུལ་སྐབས་དོ་སྣང་བྱེད་དགོས་པའི་གནད།
1. ངེས་པར་དུ་བདེ་འཇགས་ཐོན་སྒོ་དང་། ཁ་འགྲེམ་བགྲོད་ལམ། མེ་གསོད་ཡོ་བྱད་འཇོག་ས་བཅས་ལ་ལྟ་ཞིབ་ཡག་པོ་བྱེད་དགོས་པ་དང་། ཁ་འགྲེམ་མཚོན་རྟགས་ཡོད་སའི་ཁ་འགྲེམ་ཁ་ཕྱོགས་བློ་ལ་བརྟན་པོར་ངེས་དགོས།
2. བདེ་འཇགས་ཐོན་སྒོ་གཅིག་ལས་མེད་པ་དང་། ལས་གཉེར་བྱེད་རིང་བདེ་འཇགས་སྒོར་སྒོ་ལྕགས་བརྒྱབ་པ། ཁ་འགྲེམ་འགྲོ་ལམ་བཀག་པ་སོགས་བདེ་འཇགས་དོ་དམ་ཡག་པོ་མེད་སར་གཏན་ནས་འགྲོ་མི་རུང་།
3. མེ་བསད་མེད་པའི་ཐ་རོ་སོགས་མེ་སོན་ཡོད་པའི་དངོས་པོ་གང་བྱུང་དུ་གད་སྙིགས་བླུགས་སྒམ་དང་སྔོ་ལྗང་རྒྱུད་དམ་ཡང་ན་འགྲོ་ལམ་དུ་གཏན་ནས་དབྱུག་མི་རུང་།
ལྔ། མེ་སྐྱོན་འཕྲད་སྐབས།
1. དངངས་སྐྲག་མི་བྱེད་པ་དང་སྐད་ཅོར་མི་རྒྱག་པར་དུག་ལྡན་དུ་རླངས་རྔུབ་རྒྱུ་སྔོན་འགོག་བྱེད་དགོས་པ་མ་ཟད། འཕྲལ་དུ་119ལ་ཉེན་བརྡའི་ཁ་པར་རྒྱག་དགོས།
2. སྲོག་ཉེན་ལས་ཐར་ཆེད་བྲོས་འགྲོ་སྐབས་གློག་སྐས་ལ་སྡོད་མི་རུང་བ་དང་། ལས་དོན་པའི་ཁྲིད་སྟོན་ལྟར་བདེ་འཇགས་འགྲོ་ལམ་བརྒྱུད་ནས་གང་མགྱོགས་ཁ་འགྲེམ་དགོས།
3. དུ་ནག་སྟུག་པོ་བརྒྱུད་ནས་འགྲོ་སྐབས། གྱོན་ཆས་རློན་པས་མགོ་དང་ལུས་པོ་གཏུམས་པ་དང་ཁ་སྣ་བཀབ་ནས་སྒུར་སྒུར་བྱས་ཏེ་འགྲོ་དགོས།
4. ཆ་རྐྱེན་ཡོད་ཚེ། ཕྱི་རོལ་གྱི་ཉི་གཡབ་དང་ཐོག་ཁར་བསྐྱོད་དེ་རོགས་སྐྱོབ་མི་སྣ་སྒུག་དགོས།
5. མེ་ཆེན་པོ་ཤོར་ཏེ་སྒོ་ནས་བྲོས་མི་ཐུབ་པའི་སྐབས། ཨ་ཅོར་དང་གྱོན་ཆས་རློན་པས་སྒོ་སྲུབས་བཀག་སྟེ། རོགས་སྐྱོབ་བརྡ་རྟགས་བཏང་ནས་རོགས་སྐྱོབ་མི་སྣ་སྒུག་དགོས།
6. གལ་ཏེ་ལུས་པོར་མེ་འབར་ན། ས་སྟེང་དུ་ཉལ་ནས་འགྲེ་ལོག་རྒྱག་པའམ་ཡང་ན་གྱོན་གོས་མཐུག་པོ་ཞིག་གིས་བཀབ་ནས་མེ་གསོད་དགོས།
དྲུག འཚང་ག་ཆེ་བའི་སྐབས།
1. མི་ཚོགས་སྟུག་པོར་གཡོལ་གང་ཐུབ་བྱེད་དགོས།
2. མི་ཚོགས་ཁྲོད་དུ་སྐྱོད་སྐབས། འགྲོ་མཚམས་འཇོག་མི་རུང་བ་དང་། མི་ཚོགས་དང་རྒྱབ་འགལ་བྱས་ནས་འགྲོ་མི་རུང་བ། སེམས་འཚབ་མི་བྱེད་པར་ལུས་པོ་བརྟན་པོ་ཡོང་བ་བྱས་ནས་མ་འགྱེལ་བ་བྱེད་དགོས།
3. འཚང་ག་ཧ་ཅང་ཆེ་བའི་སྐབས་སུ། གཡོན་ལག་མུར་མཛོག་སྒོང་དགོས་པ་དང་། གཡས་ལག་གིས་གཡོན་ལག་འཇུ་བ། གྲུ་མོ་གཉིས་བརྐྱངས་ནས་བྲང་ཁའི་མཚམས་སུ་བཞག་སྟེ་དབུགས་ཡག་པོ་གཏོང་ཐུབ་པར་འགན་ལེན་བྱེད་དགོས།
4. མི་གཞན་འགྱེལ་བ་མཐོང་སྐབས། མདུན་དུ་མི་འགྲོ་བར་སྐད་ཆེན་པོ་བརྒྱབ་སྟེ་རྒྱབ་ནས་ཡོང་མཁན་ལ་གཟབ་གཟབ་བྱེད་དགོས་པའི་དྲན་སྐུལ་བྱེད་དགོས།
5. རང་ཉིད་འགྱེལ་སྐབས། པུས་མོ་གཉིས་པོ་བསྐུམས་ནས་བྲང་ཁོག་དང་གསུས་ཁོག་བསྲུངས་ཏེ་ཟུར་བཅས་ནས་ཉལ་དགོས་པ་དང་། ལག་གཉིས་ཀྱིས་ལྟག་ཁུང་འགེབས་དགོས་པ། གྲུ་མོ་གཉིས་ཀྱིས་ཡ་མ་སྲུང་དགོས། (བོད་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཁོ་འདོན་བྱས)