འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་གཟི་ཕུག་གྲོང་ཚོའི་ཐང་ཆེན་དུ་འཁྲུག་ཆ་ཧ་ཅང་དོད་ཅིང་། གཟི་ཕུག་འབྲི་གཡག་གི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་བགོ་བའི་ཚོགས་ཆེན་དང་ཐོན་ལས་སྐུལ་འདེད་ཚོགས་འདུ་དེ་གར་འཚོག་བཞིན་ཡོད། འཕྲེད་འགེལ་ཡི་གེ་དམར་པོ་མཐོ་པོར་བཀལ་ཡོད་པ་དང་དངུལ་སྨར་སྦབ་ཆ་མང་པོ་གྲལ་འགྲིག་པོར་བཞག་ཡོད། སྲིད་འཛིན་གྲོང་ཚོ་བདུན་གྱི་འཐུས་མིས་བང་བསྒྲིགས་ནས་མིང་འགོད་པ་དང་། དངུལ་ལེན་པ། འཚམས་འདྲིའི་དངོས་པོ་ལེན་པ་བཅས་བྱེད་བཞིན་གདོང་ལས་དགའ་སྤྲོའི་འཛུམ་མདངས་ཡང་ཡང་འཕྱུར་བཞིན་མཆིས། དེ་ཉིན་སྒོར་ཁྲི་30ཟིན་པའི་དངུལ་སྨར་ཡོང་འབབ་རྩིས་ཁྲར་འབྱོར་བ་དང་བསྟུན་ནས་གཟི་ཕུག་འབྲི་གཡག་གི“ཕྱུག་འགྱུར་སྣེ་ཁྲིད་པའི”ནུས་པ་དེ་བས་ཐོན་ཡོད་པ་རེད།
“སྔོན་ཆད་འབྲི་གཡག་ཚང་མ་རང་སོ་སོའི་ཁྱིམ་དུ་གསོས་པས་རིན་གོང་མཐོ་པོ་མི་རག་པ་མ་ཟད། ད་དུང་སེམས་ཁྲལ་བྱེད་དགོས་ཀྱི་ཡོད། ད་ལྟ་མཉམ་སྡེབ་དང་མཉམ་དུ་ལས་ཀ་བྱེད་བཞིན་ཡོད་པས་ལོ་མཇུག་ཏུ་ད་དུང་ཁེ་སྤོགས་བགོ་རྒྱུ་ཡོད་པས། དངོས་གནས་དགའ་ཚོར་ཆེན་པོ་འདུག”ཅེས་ཡུལ་མིའི་འཐུས་མི་ཞིག་གིས་བླངས་མ་ཐག་པའི་དངུལ་སྨར་ལག་ཏུ་འཁྱེར་བཞིན་གདོང་ལས་དགའ་སྤྲོའི་འཛུམ་མདངས་ཡང་ཡང་འཕྱུར་བཞིན་དུ་བཤད། ཁེ་སྤོགས་བགོས་པ་ཕུད། བོད་ལྗོངས་གཟི་ཕུག་བཟའ་བཅའ་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིས་ཆེད་མངགས་དཀའ་ངལ་ཡོད་པའི་མང་ཚོགས་16ལ“སེམས་དྲོད་ཁུག་མ”ཟུར་དུ་གྲ་སྒྲིག་བྱས་པ་སྟེ། རིན་ཐང་སྒོར་ཁྲི་1.28རི་བའི་འབྲས་དང་། བྲོ་ཞིབ། སྣུམ་སོགས་གྲ་སྒྲིག་བྱས་ནས་དགོས་མཁོ་ཆེ་བའི་མི་རྣམས་ལ་དྲོ་སྐྱིད་སྦྱིན་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། བཀྲ་ཤིས་སྒང་ཤང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་ས་གནས་འདི་གའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། གཟི་ཕུག་འབྲི་གཡག་གི་ཁྱད་ལྡན་ལེགས་ཆའི་ཐོན་ལས་དེར་དམིགས་ནས“སྲིད་གཞུང་གིས་སྣེ་ཁྲིད་དང་། ཁེ་ལས་དང་མཉམ་ལས། མཉམ་སྡེབ་ཀྱིས་གཉེར་སྐྱོང་བྱེད་པ”བཅས་ཀྱི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་གཏོད་བྱས་པས་དེ་སྔ་ཁ་ཐོར་དུ་གནས་པའི་གསོ་སྤེལ་ཐོན་ལས་མེད་པ་ནས་ཡོད་པ་དང་རིམ་བཞིན་རྒྱ་སྟོབས་ཆེ་རུ་ཕྱིན་ནས་ད་ཆ་གསོ་སྤེལ་དང་། ལས་སྣོན། སྤུས་རྟགས་ཁྱབ་གདལ་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་འཁོར་འབྲེལ་ཆ་ཚང་ཞིག་རགས་ཙམ་གྲུབ་ཡོད་པ་རེད།
དེ་བས་མངོན་གསལ་དོད་པ་ཞིག་ནི་བོད་ལྗོངས་གཟི་ཕུག་བཟའ་བཅའ་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་ནི་ས་གནས་དེ་གར་འཕེལ་རྒྱས་ཕྱིན་པའི་ཁེ་ལས་ཤིག་ཡིན་ཞིང་། དེ་ནི་སྲིད་གཞུང་གི“མ་འཇོག་མེད་པའི”བྱ་ཐབས་སྤྱད་དེ་བཀྲ་ཤིས་སྒང་ཤང་གི་གཤམ་འོག་སྲིད་འཛིན་གྲོང་ཚོ་7གྱིས་མཉམ་དུ་བཙུགས་པ་དང་། གཙོ་བོ་ཚགས་ཤ་སོས་པ་དང་། ཚགས་ཤའི་ཞོར་ཟས། འབྲི་ཞོ་སོགས་ཁྱད་ལྡན་ཐོན་རྫས་ཚོང་གཉེར་བྱེད་ཀྱི་ཡོད་པ་རེད།
2025ལོའི་ཟླ་12པའི་ཟླ་མཇུག་བར། ཀུང་སིར་ཚོང་གཉེར་ཡོང་འབབ་སྒོར་ཁྲི་300ལྷག་ཙམ་ཟིན་པ་དང་། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་ཁྲི་60ལྷག་ཙམ་ཟིན་ནས། གཟི་ཕུག་འབྲི་གཡག་གི་ཐོན་ལས་འཁོར་འབྲེལ“གཅིག་ཀྱང་མེད་པ་ནས་1ཡོད་པའི་བར”གྱི་འགག་རྩའི་ཚད་བརྒལ་བྱུང་བ་མ་ཟད། མཉམ་སྡེབ་དཔལ་འབྱོར་གྱི་རྒྱ་སྟོབས་ཆེ་རུ་ཕྱིན་ནས་མང་ཚོགས་ལ་འབབ་འཕར་བྱུང་ཡོད་པ་རེད།
ད་ཆ་གཟི་ཕུག་འབྲི་གཡག་ཐོན་ལས་དེ་ཉིད་བཀྲ་ཤིས་སྒང་ཤང་གི་ལས་ཞུགས་ལ་སྐུལ་ཁྲིད་དང་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཁྱད་ལྡན་ཀ་རྟེན་ཐོན་ལས་ཤིག་ཏུ་གྱུར་ཡོད། རྩྭ་ཐང་གི་འབྲི་གཡག་ནས་ཁྲོམ་བཀྱག་ཐོག་གི་སྤུས་ལེགས་ཐོན་རྫས་དང་། དེ་ནས་ཡུལ་མིའི་ལག་ཏུ་བགོས་པའི་ཁེ་སྤོགས་དངུལ་བཅས་བར་འཕེལ་རྒྱས་བྱུང་བའི་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་ཁྱད་ལྡན་ཐོན་ལས་འདི་དག་ལས་མང་ཚོགས་དེ་བས་མང་བ་དེའི་ནང་ཞུགས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་ཡོད་པ་རེད།
(ཚེ་ལྷ་དང་པ་ཚེས་སྒྱུར་ཞུས་བྱས)