《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月17日

ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཉེ་ཆར་འཚོགས་པའི་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2025ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ཐོན་ལས་འཕེལ་རྒྱས་གཏོང་བ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་བཀོད་པ་ལེགས་སུ་གཏོང་བ་དང་། བྱེད་པོ་སྟོབས་ཆེར་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་དམ་འཛིན་བྱ་གཞིར་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། ཞིང་འབྲོག་པར་རྒྱུན་མཐུད་འབབ་འཕར་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།

ཐོན་ལས་ཀྱི་བཀོད་པ་ལེགས་སུ་བཏང་ནས་དེང་རབས་ཀྱི་ཞིང་ལས་མ་ལག་བསྐྲུན་པ། ལྷོ་ཁ་གྲོང་ཁྱེར་གྱིས་ས་ཁོངས་ཀྱི་བཀག་རྒྱ་ནུས་ཤུགས་ཡོད་རྒུས་གཏོར་ཏེ་ཞིང་ལས་དང་སྦྲང་རྩིའི་ལས་རིགས་ཀྱི་ཐོན་ལས་མནའ་འབྲེལ་གཉིས་འཛུགས་རྒྱུར་སྐུལ་འདེད་བཏང་ནས་ཐོན་ཁུངས་མཉམ་སྤྱོད་དང་། ལེགས་ཆ་གསབ་རེས། ཁྱུ་སྒྲིག་འཕེལ་རྒྱས་གཏོང་བ་བཅས་ལ་སྐུལ་འདེད་བཏང་ཡོད། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས་བོད་ཀྱི་ཧུང་ནུང་དུས་ཐེངས་གཉིས་པའི་ལས་གྲྭ་བསྐྲུན་ཏེ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དེས་བོད་བྱའི་ཐོན་ལས་ཀྱི་སྣེ་འདྲེན་གནས་བབ་སྔར་བས་བརྟན་དུ་ཕྱིན་ཡོད། ལྷུན་རྩེ་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་བདེ་བླག་ངང་བསྐྲུན་ནས་གྲོང་ཁྱེར་ཡོངས་ཀྱི་དེང་རབས་ཞིང་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་གསར་པར་གྱུར་ཡོད།

དམངས་ཕྱུག་གི་ཐོན་ལས་སྟོབས་ཆེར་བཏང་ནས་ཁྱད་ལྡན་སྤུས་རྟགས་ཀྱི་མིང་བྱང་བཏོད་པ། ལྷོ་ཁ་གྲོང་ཁྱེར་གྱིས་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་བྱས་ཏེ་ནས་ནག་དང་གསོ་མཁས་ལུག་སོགས་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་དང་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་རྒྱུན་མཐུད་ངང་སྐྱེད་སྲིང་དང་སྲ་བརྟན་དུ་བཏང་ནས་ཁྱད་ལྡན་ཐོན་ལས་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། སྤུས་རྟགས་ཅན་བཅས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། ལོ་ཧྲིལ་པོར་གསར་དུ་བསྣན་པའི་སྤུས་རྟགས་5ལ་རང་སྐྱོང་ལྗོངས་ཀྱི“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་ཁས་ལེན་ཐོབ་སྟེ་ལྗང་མདོག་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་མཁོ་སྤྲོད་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

རིགས་ཕྱེ་ནས་བྱ་ཐབས་གནད་སྨིན་ལག་ལེན་བསྟར་ཏེ་རོགས་སྐྱོར་ཐོན་ལས་ལ་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་བ། ལྷོ་ཁ་གྲོང་ཁྱེར་གྱིས་ཐོན་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པར་མཐོང་ཆེན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་བྱས་ཚུན་གྱི་མ་དངུལ་གཏོང་ཕྱོགས་ཆེན་པོ་བདུན་གྱིས་རྒྱབ་སྐྱོར་བྱེད་པའི་ཐོན་ལས་རྣམ་གྲངས་3872ལ་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར་261.13བཏང་བ་མ་ཟད། རྩིས་ཁྲ་ཞིབ་ཕྲ་བཟོས་ནས་ཐོན་ལས་ཀྱི་གནས་ཚུལ་མཐིལ་རྟོགས་ཀྱང་བྱས་པ་རེད།

(པ་སངས་ཚེ་རིང་གིས་སྒྱུར་ཞུས་བྱས)