གཞིས་རྩེར་གཞི་རིམ་གྱི་བཟའ་བཅའི་བདེ་འཇགས་ཆ་འཕྲིན་པ(ལས་རོགས་དོ་དམ་པ)1799ཡོད་པ་དེ་དག་འགན་གཙང་ལེན་ལས་བྱེད་པ་དང་གཉེར་སྐྱོང་བྱེད་པོའི་དབར་མཉམ་འགུལ་དང་། གཞི་རིམ་གྱི་ཉེན་ཁ་སྔོན་འགོག་དང་སེལ་བ། བཟའ་བཅའི་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་གཞི་རིམ་གྱི་བཟའ་བཅའི་བདེ་འཇགས་བཅོས་སྐྱོང་མ་ལག་མུ་མཐུད་འཛུགས་སྐྱོང་བྱེད་ཟབ་ཏུ་བཏང་བའི་ཐོག་གཞི་རིམ་གྱི་བཟའ་བཅའི་བདེ་འཇགས་ཆ་འཕྲིན་པའི་དཔུང་ཁག་སྟོབས་ཆེར་བཏང་བ་དང་དོ་དམ་ཡག་པོ་བྱས་ནས་ལྟ་འདོམས་སྟོབས་ཤུགས་ཀྱི“མཐའ་མའི་འགག་གནད”ནུས་ལྡན་ངང་བསལ་བས། བཟའ་བཅའི་བདེ་འཇགས་ཀྱི་གཏོགས་ཁོངས་དོ་དམ་དང་ཁེ་ལས་ཀྱི་བྱེད་པོའི“འགན་འཁྲི་གཉིས”དོན་འཁྱོལ་ཐུབ་ནས་ཕན་འབྲས་ཐོན་རྒྱུར་སྐུལ་མ་ནུས་ལྡན་ཐེབས་པ་མ་ཟད། ས་ཁོངས་ཧྲིལ་པོའི་བཟའ་བཅའི་བདེ་འཇགས་བཅོས་སྐྱོང་བྱེད་ནུས་ཀྱང་ཟམ་མི་ཆད་པར་ཆེ་རུ་གཏོང་ཐུབ་ཡོད།
གཞི་རིམ་གྱི་ལྟ་འདོམས་སྟོབས་ཤུགས་བལྟོས་བཅས་ཀྱིས་ཞན་པ་དང་། ཁྱབ་རྒྱ་དེ་ཙམ་ཆེན་པོ་མེད་པ་སོགས་ཀྱི་དོན་དངོས་གནད་དོན་ལ་དམིགས་ནས་གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཤང་དང་གྲོང་རྡལ་དང་། གྲོང་ཚོ(གྲོང་ལྷན)རིམ་པ་གཉིས་ལ་ཁྱབ་པའི་བཟའ་བཅའི་བདེ་འཇགས་ཀྱི་མཐུན་སྦྱོར་དོ་དམ་དྲ་རྒྱ་ནུས་ཤུགས་ཡོད་རྒུས་བཙུགས་པ་མ་ཟད། 《གཞིས་རྩེ་གྲོང་ཁྱེར་གྱིས་བཟའ་བཅའི་བདེ་འཇགས་ཀྱི་ཆ་འཕྲིན་པ(ལས་རོགས་དོ་དམ་པ)ལ་དོ་དམ་བྱེད་པའི་བྱ་ཐབས》ཆེད་མངགས་བཟོས་ནས་འཛུགས་སྐྱོང་དང་དོ་དམ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་གྱི་བཟའ་བཅའི་བདེ་འཇགས་ཀྱི་ཆ་འཕྲིན་པ(ལས་རོགས་དོ་དམ་པ)མང་ཚོགས་དང་ཉེ་བཅར་ཐུབ་པ་དང་། གནས་ཚུལ་ལ་རྒྱུས་མངའ་ཟབ་པའི་ལེགས་ཆ་གང་ལེགས་སྤྱད་དེ། “འགན་འཁྲི་གཉིས”དོན་འཁྱོལ་དང་། གཞི་རིམ་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རིང་འགན་འཁྲི་སྣ་ཚོགས་ཁུར་ནས་འགག་རྩའི་ནུས་པ་འདོན་རྒྱུར་སྐུལ་འདེད་བཏང་བ་རེད།
2025ལོ་ནས་བཟུང་། གཞི་རིམ་གྱི་བཟའ་བཅའི་བདེ་འཇགས་ཆ་འཕྲིན་པས(ལས་རོགས་དོ་དམ་པ)གནད་དོན་གྱི་མངོན་མེད་རྐྱེན་ངན་ཁྲི་1.2ལྷག་ཙམ་ཤེས་རྟོགས་དང་དག་ཐེར་བྱ་རྒྱུར་གཞོགས་འདེགས་དང་སྐུལ་འདེད་བཏང་ནས་དག་ཐེར་བྱེད་ཚད་99.8%ཟིན་ཏེ་འགན་གཙང་ལེན་ལས་ཀའི་ལམ་སྲོལ་ནུས་ཆེ་དང་གནད་སྨིན་འཁོར་རྒྱུག་ཡོང་བར་འགན་ལེན་ཐུབ་ཡོད།
(པ་སངས་ཚེ་རིང་གིས་བསྒྱུར། པ་སངས་ཕན་ཐོགས་དང་པ་ཚེས་ཞུས)