འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཀརྨ་ཚེ་བརྟན་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་དམིགས་ཚད་དང་ལས་འགན་ལ་དམིགས་ནས་འཕྲལ་དུ་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་འབད་འཐབ་བྱེད་སྐབས་བོད་ཀྱི་བྱས་རྗེས་གསར་པ་མངོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
ཀརྨ་ཚེ་བརྟན་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་ཤིང་། ཁོང་གིས་ཙུང་ལི་ལི་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནི་དར་ཆ་མཐོན་པོར་སྒྲེང་བ་དང་། འགན་ཁུར་དངོས་སྒྲུབ། མི་སེམས་ལ་ཡར་སྐུལ་ཐེབས་པ་བཅས་ཡིན་ཞིང་། འཇིག་རྟེན་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི“ལོ་ལྔ་ཚན་བཅུ་བཞི་པའི”གྲུབ་འབྲས་ལ་ཕྱིར་མིག་བལྟས་པར་ངར་སེམས་ཆེར་སྐྱེད་དང་། 2025ལོའི་ལས་སླ་པོར་ཐོབ་པ་ཞིག་མིན་པའི་གྲུབ་འབྲས་ལ་དམ་པ་དོན་གཉེར་གྱི་ཕྱོགས་སྡོམ་བྱས་ལ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོའི་ལས་དོན་བཀོད་སྒྲིག་ཁ་བཤད་གནད་སྨིན་བྱས་པས། སྙན་སྒྲོན་དེ་ནི་སྲོག་ཤིང་ལ་སྲུང་སྐྱོང་དང་། གདེང་ཚོད་རབ་འཕེལ། མི་སེམས་ཐོབ་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་རེད་ཅེས་གསུངས་པ་རེད།
ཀརྨ་ཚེ་བརྟན་གྱིས་གསུངས་དོན། སྙན་སྒྲོན་གྱི་འགོ་ནས་མཇུག་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོཌ་རིང་ལུགས་ཀྱི་དགོངས་པ་དང་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ། འཐབ་ཇུས་བཀོད་སྒྲིག་ཁ་གསལ་དང་ཐབས་ལམ་བཀོད་སྒྲིག་འཚམ་པོ་བཅས་ཡོད་པ་དེས་ང་ཚོར“ཇི་ལྟར་སྒྲུབ་དགོས་པ”གསལ་སྟོན་དང“ཅི་ཞིག་སྒྲུབ་དགོས་པ”ཁ་གསལ་བཏོན་ཡོད། སྙན་སྒྲོན་ནང་སྤྱོད་གཙང་གི་བླང་བྱ་ནན་པོ་བཏོན་པ་དེས་ང་ཚོས་སྒྲིག་བཀུར་ཁྲིམས་སྲུང་བྱེད་ཀྱིན་ལས་སྒྲུབ་ལས་གཏོད་བྱེད་པར་མཛུབ་ཁྲིད་བྱས་ཤིང་། སྙན་སྒྲོན་ནང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཆོད་སེམས་མངོན་པ་དེས་ང་ཚོས་མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་བཞག་སྟེ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་ལས་རྗེས་ཧུར་ཐག་གཏོད་རྒྱུར་མཛུབ་ཁྲིད་བྱས་པ་བཅས་རེད་ཅེས་གསུངས།
ཀརྨ་ཚེ་བརྟན་གྱིས་གསུངས་དོན། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱེད་པ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རང་སྐྱོང་ལྗོངས་སྲིད་གཞུང་ཁོངས་གཏོགས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། འཕྲལ་དུ་སྒྲུབ་པ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་དུས་ཚིགས་དང་པོར“འགོ་ཚུགས་མ་ཐག་གྲུབ་འབྲས་ཐོབ་རྒྱུར”སྐུལ་འདེད་དང་། “ལོ་འཁོར་མོར་རྒྱལ་ཁ་ཐོབ་པའི”འགན་ལེན། “ལོ་ལྔ་ཚན་བཅོ་ལྔ་པར”འབད་འབུངས་མདུན་སྐྱོད་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་དགོས། (ཚེ་སྒྲོལ་དང་བསྟན་བཟང་གིས་སྒྱུར་ཞུས་བྱས)