《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月09日

ཡན་ཅིན་ཧའེ་ཡིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་སྐབས་ནན་བཤད་གནང་དོན།

དམ་པ་དོན་གཉེར་དང་། འགན་འཁྲི་ཁུར་ཕོད་པ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་ཕུལ་བྱུང་རྒྱུགས་ལན་འབུལ་དགོས།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཡན་ཅིན་ཧའེ་ཡིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) དམ་པ་དོན་གཉེར་དང་། འགན་འཁྲི་ཁུར་ཕོད་པ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་ཕུལ་བྱུང་རྒྱུགས་ལན་ཞིག་ནུས་ཤུགས་ཡོད་རྒུས་འབུལ་དགོས་པའི་ནན་བཤད་གནང་བ་རེད།

ཡན་ཅིན་ཧའེ་ཡིས་གསུངས་དོན། ཙུང་ལི་ལི་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། འགོ་ནས་མཇུག་བར་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ཁྱབ་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ནས་མིག་སྔར“ལྟ་སྟངས་ཇི་ལྟར་འཛིན་པའི”དུས་བབ་ཀྱི་བརྡར་གཅོད་ལ་ལན་གསལ་པོ་བརྒྱབ་པ་དང་། སླད་ཕྱིན“ཇི་ལྟར་བྱེད་དགོས་པའི”ལག་ལེན་གྱི་ཐབས་ལམ་གསལ་པོར་བསྟན་ཡོད་པས། དེ་ནི་སྲོག་ཤིང་ལ་སྲུང་སྐྱོང་དང་། ཐོག་མའི་བསམ་འདུན་མངོན་པ། གདེང་ཚོད་ཆེར་གཏོང་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་དང་། ཆབ་སྲིད་ཀྱི་ཁྲིད་སྟོན་མངོན་གསལ་དོད་པ་དང་། དུས་རབས་ཀྱི་ཞིབ་འཇུག་བྱ་གཞིར་ལན་སློག་པ། འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་རེད། ང་རང་རྦད་དེ་མོས་མཐུན་ཡོད་ལ་བརྩི་བཀུར་ཡང་མཐའ་གཅིག་ཏུ་ཞུ་གི་ཡིན།

ཡན་ཅིན་ཧའེ་ཡིས་གསུངས་དོན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་བཏོན་གནང་བའི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་རྣམ་གྲངས་ཅན་དང་། གསལ་ཐོ་ཅན། གཞི་རྟེན་ཅན་བཅས་ཀྱི་སྒོ་ནས་བསྒྲུབས་པ་དང་། གསར་གཏོད་རང་བཞིན་གྱི་སྒོ་ནས“འཛུགས་གཏོད་བཞིའི”འཐབ་ཇུས་དམིགས་ཚད་བཏོན་ཏེ། བོད་འདི་ཉིད་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མྱུར་བགྲོད་འཁོར་ལམ་དུ་རྒྱུན་མཐུད་སྐྱོད་པར་སྐུལ་འདེད་བཏང་ཡོད། དིང་རིའི་ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་སྤེལ་འགོ་ཚུགས་ཚུན། ང་ཚོས་དམངས་ཀྱི་སྡོད་ཁང་འཛུགས་སྐྲུན་ལས་དོན་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་པས“ལོ་དེར་གནོད་འཚེ་ཕོག་པ་དང་། ལོ་དེ་རང་ལ་བསྐྱར་སྐྲུན་བྱས་པ། ལོ་དེ་རང་ལ་སྡོད་ཐུབ་པ”བཅས་བྱུང་ཡོད། ལོ་ལྔའི་རིང་། བོད་ཀྱིས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ཏེ“མི་དམངས་གོང་དུ་བཀུར་བའི”རིན་ཐང་གི་འདུ་ཤེས་དེ“དམངས་ཀྱི་རེ་འབོད་ལ་ང་ཡིས་ལན་འདེབས་པའི”གསོན་ཉམས་ལྡན་པའི་ལག་ལེན་ལ་རྒྱུན་ཆད་མེད་པར་འགྱུར་བར་བྱས་པས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ལོ་ལྔའི་རིང་། བོད་ཀྱིས་དམིགས་བསལ་རང་བཞིན་གང་ཡང་མེད་པའི་བསམ་བློ་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། རང་ངོས་གསར་བརྗེའི་ཚད་མཐོའི་རང་རྟོགས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ནན་ཏན་སྒྲུབ་པ་དང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་རྒྱུན་མཐུད་བྱས་པས། བློ་སེམས་གཅིག་མཐུན་དང་ངར་ཤུགས་གཅིག་སྒྲིལ་གྱིས་ལས་དོན་སྒྲུབ་པའི་རྣམ་པ་བཟང་པོ་ཆགས་པ་དང་སྲ་བརྟན་དུ་ཕྱིན་ཡོད།

ཡན་ཅིན་ཧའེ་ཡིས་གསུངས་དོན། བཀོད་སྒྲིག་གཅིག་ལ་དོན་འཁྱོལ་དགུ་ཞེས་པ་ལྟར། ང་ཚོས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། མི་དམངས་ཀྱི་ཆེད་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། དུས་ཚོད་ཀྱིས་མི་མི་སྒུག་པ་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ། བྱས་པའི་རྗེས་དང་འདྲུད་པའི་ཤུལ་གྱི་ལས་ཀའི་ངར་ཤུགས་ལ་བརྟེན་པ། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག་བཀོད་པའི་འཆར་གཞི་དག་འཕེལ་རྒྱས་ཀྱི་དོན་དངོས་ལ་འགྱུར་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རིང་བྱས་རྗེས་དེ་བས་ཆེ་བ་འཇོག་དགོས།

(པ་ཚེ་དང་ཚེ་རིང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)