● སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་མུ་མཐུད་གྲོས་ཞིབ། འཆར་གཞིའི་སྙན་སྒྲོན་དང་འཆར་ཟིན་དང་སྔོན་རྩིས་སྙན་སྒྲོན་དང་འཆར་ཟིན་ལ་ཞིབ་བཤེར་བཅས་གནང་བ།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་7ཉིན། བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་ཞིང་བཟོ་དམངས་གཙོ་ཏང་དང་། དགུ་གསུམ་རིག་ཚོགས། སྨན་བཅོས་འཕྲོད་བསྟེན་རིགས་ཁོངས། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་རིགས་ཁོངས་བཅས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་འབྲེལ་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་མུ་མཐུད་གྲོས་ཞིབ། འཆར་གཞིའི་སྙན་སྒྲོན་དང་འཆར་ཟིན་དང་སྔོན་རྩིས་སྙན་སྒྲོན་དང་འཆར་ཟིན་ལ་ཞིབ་བཤེར་བཅས་གནང་བ་རེད།
(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བློ་བཟང་རྒྱལ་མཚན་ཚོགས་འདུར་ཞུགས་པ་དང་། བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ་རེད། བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཀརྨ་ཚེ་བརྟན་གྱིས་གཏམ་བཤད་གནང་བ་རེད། ཁྲིམས་འཛིན་པུའི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་པུའུ་ཀྲང་ཧོ་རུང་དང་རིག་གནས་དང་ཡུལ་སྐོར་པུའི་ཏང་ཙུའུ་ཡི་ཁོངས་མི་དང་པུའུ་ཀྲང་གཞོན་པ་རའོ་ཆོན་ཚོགས་འདུར་ཕེབས་ནས་བསམ་འཆར་གསན་པ་རེད།
འཐུས་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བར་དམིགས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ་དང་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་ལ་བཏོན་གནང་བའི་བླང་བྱ་ཁ་གསལ་ནི་གཟིགས་རྒྱང་རིང་བ་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་ལ། འཐབ་ཇུས་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམིགས་ཡུལ་གྱི་འདུ་ཤེས་དང་དམངས་ཆེད་ཀྱི་བརྩེ་སེམས་ཟབ་མོ་གང་ལེགས་མཚོན་ཞིང་། ང་ཚོས་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ་དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་མཛད་ཕྱོགས་ལག་བསྟར་དོན་འཁྱོལ་དང་། བདེ་ཐང་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས“དམིགས་པ་ལྔའི”བླང་བྱ་དོན་འཁྱོལ། འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལྗོངས་ཡོངས་ལ་ཁྱབ་པའི་གཞི་རྩའི་སྨན་བཅོས་མ་ལག་སྐྲུན་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ། “དྲ་སྦྲེལ+སྨན་བཅོས་བདེ་ཐང”འཕེལ་རྒྱས་མགྱོགས་སུ་གཏོང་བ། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་དང་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཁྱབ་པ་དང་ཆ་སྙོམས་ངང་ཁྱབ་པར་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་སྣ་མང་ཅན་དང་ཁྱད་པར་ཅན་གྱི་འཕྲོད་བསྟེན་བདེ་ཐང་གི་དགོས་མཁོ་ཧུར་ཐག་སྐོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་དེ་བས་སྟབས་བདེ་དང་། དེ་བས་སྐྱིད་སྣང་། དེ་བས་འཐུས་ཚང་བཅས་ཀྱི་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱེད་དགོས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་བ་དང་། ཤེས་དཔལ་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ། ས་མཐོའི་ཁུལ་གྱི་ཡུལ་མིར་བཟའ་བཅའི་འཚོ་བཅུད་ལེགས་སུ་གཏོང་ཐབས་ཁྱབ་གདལ་གཏོང་བ། མང་ཚོགས་ཀྱི་བཟའ་བཅའི་གྲུབ་ཆ་ལེགས་སུ་གཏོང་བ། ས་མཐོའི་ནད་ཐོན་མང་བའི་གནས་ཚུལ་ལེགས་བཅོས་བཅས་བྱས་ཏེ་དམངས་ཡོངས་ཀྱི་བདེ་ཐང་བྱང་ཚད་མཐོ་རུ་གཏོང་དགོས། བོད་ལུགས་གསོ་རིག་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་གཏོང་བ་དང་། བོད་ལུགས་གསོ་རིག་གི་ཁྱད་ཆོས་དང་འཚམ་པའི་ཞབས་ཞུའི་མ་ལག་དང་ཞབས་ཞུའི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། བོད་ལུགས་གསོ་རིག་ཐོན་ལས་ཅན་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས། སྨན་བཅོས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱེད་ཟབ་ཏུ་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྨན་དོན་མི་སྣར་ཐུགས་ཁུར་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་སྨན་པར་བརྩི་འཇོག་དང་འཕྲོད་བསྟེན་ལ་གཙིགས་ཆེན་བྱེད་པའི་རྣམ་པ་བཟང་པོ་ཧུར་ཐག་གཏོད་དགོས།
ཀརྨ་ཚེ་བརྟན་དང་། ལུའོ་ཆིང་ཝུའུ། ཉི་མ། བཀྲ་ཤིས་ཉི་མ། འཆི་བདེ། ལྷག་ཆུང(བོད་ལྗོངས་ཙང་ཡོན) པདྨ་མཚོ། དཔའ་དར། ཝང་ཆང་། ཝང་ཡུང་ཞང་། སྐལ་བཟང་སྒྲོལ་མ། ལྷག་ཆུང(བོད་ལྗོངས་སློབ་ཆེན)སོགས་འཐུས་མི་ཚོས་སྔ་རྗེས་སུ་གཏམ་བཤད་གནང་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། འཆར་གཞིའི་སྙན་སྒྲོན་དང་འཆར་ཟིན། སྔོན་རྩིས་ཀྱི་སྙན་སྒྲོན་དང་འཆར་ཟིན་བཅས་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་ཤིང་། འཐུས་མི་ཚོས་འཆར་གཞིའི་སྙན་སྒྲོན་དང་འཆར་ཟིན་དང་སྔོན་རྩིས་ཀྱི་སྙན་སྒྲོན་དང་འཆར་ཟིན་གྱི་འགོ་ནས་མཇུག་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱབ་ཡོད་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད་པ་མ་ཟད། ཁུངས་བཙན་གྱི་གྲངས་གཞི་དང་དཔེ་མཚོན་སྣ་མང་སྤྱད་དེ་ན་ནིང་གི་འཆར་གཞི་དང་སྔོན་རྩིས་ལག་བསྟར་བྱས་ཚུལ་ལ་ཕྱོགས་སྡོམ་དང་། 2026ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་། དམིགས་ཚད་གཙོ་བོ། སྲིད་ཇུས་ཀྱི་ཁ་ཕྱོགས་བཅས་སྔར་བས་རྒྱས་བཤད། ཕྱོགས་བརྒྱད་ཀྱི་ཐད་ནས་ནོར་སྲིད་སྲིད་ཇུས་བཏོན་པ། ནོར་སྲིད་སྒྱུར་བཅོས་ལས་དོན་བཀོད་སྒྲིག རྒྱལ་ཁབ་བཅོས་སྐྱོང་བྱེད་རིང་འཆར་གཞི་དང་སྔོན་རྩིས་ཀྱི་རྨང་གཞི་གལ་ཆེན་དང་ཀ་རྟེན་གྱི་ནུས་པ་གང་ལེགས་བཏོན་པ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་གཅིག་རམ་གཅིག་འདེགས་དང་གཞི་གཅིག་མཉམ་འགུལ་བཅས་ཡོད་པས། འདི་ནི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི“ཞིབ་ཕྲའི་དཔར་མ”དང་། “དོན་འཁྱོལ་གྱི་དཔར་མ” “ལག་བསྟར་གྱི་དཔར་མ”བཅས་ཡིན་ལ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“ཕྱོགས་སྟོན་ཡོ་བྱད”དང“ལས་གྲྭའི་དཔེ་རིས”ཞིག་ཡིན་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།
གྲོས་ཞིབ་གནང་སྐབས་འཐུས་མི་ཚོས་ད་དུང་དམངས་གཉེར་ཁེ་ལས་དང་མཐོ་སློབ་ཀྱི་ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་དང་། ཐོན་ལས་ལ་ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ། འདྲི་གཅོད་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས། རིག་དངོས་སྲུང་སྐྱོང་དང་མྱུར་སྐྱོབ། རྩེར་སོན་ཤེས་ལྡན་པ་གསོ་སྐྱོང་དང་། ནང་འདྲེན། བཀོལ་སྤྱོད། སེམས་གནས་ཐུབ་པ་སོགས་ཀྱི་སྐོར་ལ་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།
(པ་སངས་དང་ཚེ་ཁོས་སྒྱུར་ཞུས་བྱས)