《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年02月27日

ཁང་པ་རྙིང་པར་སྒྱུར་བཀོད་བྱས་། མང་ཚོགས་དེ་བས་བདེ་སྐྱིད་ལྡན་།

འདི་ནི་ཟངས་རི་རྫོང་རོང་ཤང་སྦ་ནག་གྲོང་ཚོའི་ཡུལ་མི་འོད་ཟེར་གྱིས་གཙང་སྦྲ་བྱེད་བཞིན་པ།

“ཁང་པ་གསར་པ་རག་པ་དང་སེམས་ལྷོད་ལ་བབ་སོང” ཁ་བ་ཆེ་བའི་དུས་ཚིགས་ཀྱི་སྔ་ནུབ་ཏུ་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རོང་ཤང་སྦ་ནག་གྲོང་ཚོར་ཡུལ་མི་འོད་ཟེར་གྱིས་འཐུང་བྱ་སྣ་ཚོགས་བཏོན་ནས་ཞིབ་བཤེར་རྩིས་ལེན་བྱེད་པར་ཡོང་མཁན་ལས་དོན་པར་སེམས་རྩ་འཁོལ་པོས་སྣེ་ལེན་ཞུས།

ཁང་པའི་གཙོ་གཟུགས་ནི་ཨར་འདམ་སྒྲོམ་གཞི་དང་། འཛུགས་སྐྲུན་རྒྱ་ཁྱོན་ཚད་ལོན་པ། ཕྱི་ངོས་གྲལ་སྟར་འགྲིག་ལ་གཅིག་གྱུར་ཡིན་པ་ལ་སོགས་ཞིབ་བཤེར་རྩིས་ལེན་གྱི་གསལ་ཐོའི་སྟེང་གི་སྟོན་རྟགས་རེ་རེ་བཞིན་ལ་འགྲིག་རྟགས་བརྒྱབ་པ་དང་སྦྲགས་འོད་ཟེར་ཁྱིམ་གྱི་སྨི་ངོས་གྲུ་400ཡོད་པའི་བོད་བཟོའི་སྤྲོ་ཁང་དེ་དངོས་སུ་རྩིས་སྤྲད་པ་རེད།

སྦ་ནག་གྲོང་ཚོར་བསྐྱོད་སྐབས། བོད་བཟོའི་ཉམས་འགྱུར་ཟབ་པ་དང་རྒྱུ་ཆ་ཡག་པའི་ཁང་གསར་དེ་དག་ཉི་འོད་འོག་དེ་བས་མངོན་གསལ་དོད་པོ་ཡོད། སྡོད་ཁང་སྒྱུར་བཀོད་ཀྱི་ཁ་གསབ་རྣམ་གྲངས་ཀྱི་ཁེ་ཕན་ཐོབ་མཁན་ཡིན་པའི་འོད་ཟེར་གྱིས་རང་ཁྱིམ་གྱི་ལེགས་གྲུབ་ཟིན་ནས་ཡུན་རིང་མ་སོང་བའི་ཐོག་སོ་གཉིས་ལྡན་གྱི་ཁང་གསར་མདུན་དུ་ལངས་ནས་ངོ་གདོང་ལས་དགའ་ཚོར་དང་ལྷོད་ལ་བབ་པའི་རྣམ་འགྱུར་ཞིག་མངོན།

ད་ལོ་ལོ་47ལ་སླེབས་པའི་འོད་ཟེར་གྱི་ཁྱིམ་དུ་རྒན་དར་གཞོན་གསུམ་ཡོད་ཅིང་། དེ་གོང་ཁོང་ཚོ་ནང་མི་བདུན་པོ་རྡོ་ལེབ་བརྩིགས་པའི་ཁང་པ་གུ་དོག་པོ་དེའི་ནང་སྡོད་པ་དང་ལོ་ངོ་20ཙམ་སོང་བའི་ཁང་རྙིང་གི་གྱང་ངོས་སྔ་ས་ནས་གས་ཡོད་པ་རེད། “ཉིས་ཐོག་ཏུ་མི་གཏན་ནས་སྡོད་མི་ཕོད་པ་དང་ནང་མི་ཚང་མ་ཤོད་དུ་འཚང་ཁ་བརྒྱབ་ནས་སྡོད་དགོས་ལ་བཤལ་ཆུ་མེད་པའི་གསང་སྤྱོད་སྤྱོད་ཀྱི་ཡོད། དགུན་དུས་སྒོ་རའི་ཕྱི་ངོས་སུ་གྲང་ངར་ཤིན་ཏུ་ཆེ་བ་དང་ཐབ་ཚང་ནང་དུའང་ཆུ་ཀ་ལ་མེད་སྟབས་ལྟོ་ཆས་བཟོ་སྐབས་སྟབས་བདེ་པོ་མེད”ཅེས་བརྗོད། འཚོ་བའི་ཁྲོད་ཀྱི་སྟབས་མི་བདེ་བ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དེ་དག་སྔ་ཕྱི་བར་གསུམ་དུ་ཁོང་གི་སེམས་ནད་ཅིག་རེད། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་གྱི་མདུན་དུ་ཟངས་རི་རྫོང་གིས་སྦ་ནག་གྲོང་ཚོར་སྡོད་ཁང་སྒྱུར་བཀོད་ཀྱི་ཁ་གསབ་རྣམ་གྲངས་གསར་གཏོད་བྱས་ནས“གཅིག་གྱུར་འཆར་འགོད་དང་རང་ཉིད་ཀྱིས་སྐྲུན་པ་དང་། སྒྲོམ་འགྱོགས་གྲུབ་ཆ། ཡོམ་འགོག་ཐུབ་ཚད་རིམ་པ་བརྒྱད་པ”བཅས་ཀྱི་དཔེ་དབྱིབས་ཁྱབ་གདལ་བཏང་བ་དང་འབྲེལ་ཆ་རྐྱེན་དང་མཐུན་པའི་དུད་ཚང་ལ་ནོར་སྲིད་ཁ་གསབ་སྒོར་ཁྲི་བརྒྱད་སྤྲད་པ་རེད།

དུས་སྐབས་ཤིག་རིང་དཔྱིད་རླུང་ལྡང་བ་ལྟར་གནས་ཚུལ་དེ་གྲོང་ཚོར་ཁྱབ་པ་དང“ཤང་དང་གྲོང་ཚོའི་ལས་བྱེད་པ་སྒོ་ཁར་ཡོང་ནས་སྲིད་ཇུས་ཁ་གསལ་གཏིང་གསལ་ངང་དྲིལ་བསྒྲགས་བྱས་ཡོད”ཅེས་འོད་ཟེར་གྱིས་གསར་འགོད་པར་བཤད་པ་དང་། ཁོང་གི་ཁྱིམ་གསར་སྐྲུན་བྱེད་རྩིས་ཡོད་སྟབས་སྲིད་ཇུས་དེ་ནི་དུས་ཐོག་ཆར་པ་ལྟར་བྱུང་ཡོད།

དེ་ལྟར་ཁོང་གིས་གྲོང་ཚོར་གང་མགྱོགས་རེ་ཞུ་ཕུལ་བ་དང་གཅིག་སྡུད་དཔྱད་འདེམས་བྱས་པ་བརྒྱུད་དུས་ཐུང་གཟའ་འཁོར་གཅིག་ནང་གྲོང་ཚོའི་རེ་ཞུའི་དུད་ཚང་29ཡི་འགྲོ་ལུགས་ཆ་ཚང་གཉེར་ཟིན་པ་རེད།

ད་ཆ་འོད་ཟེར་གྱི་ཁང་པ་གསར་པར་སླེབས་ཚེ་གང་སར་འཚོ་བ་གསར་པའི་ཉམས་སྣང་གིས་ཕྱུག་ཅིང་། དཀར་གཅལ་ས་མཐིལ་འོད་ཐིང་ངེར་ཡོད་པ་དང་ཐབ་ཚང་དུ་ཆུ་ཀ་ལ་ཁྲིད་པས་ཁང་པའི་ནང་གི་གསང་སྤྱོད་གཙང་སྦྲ་དོད་ལ་སྟབས་བདེ་པོ་ཡོད་སྟབས་ཁ་བ་བུ་ཡུག་འཚུབ་པའི་ཁྲོད་དུ་སྒོའི་ཕྱིར་དོན་དགོས་ཀྱི་མེད།

སྡོད་ཁང་ཐད་སེམས་ཁྲལ་བྱེད་པ་ནས་སྡོད་ཁང་ཡག་པོར་སྡོད་རྒྱུ་བྱུང་བའི་བར། སྦ་ནག་གྲོང་ཚོའི་གྲོང་མིའི་འཛུམ་མདངས་ལས་དམངས་འཚོའི་འདུ་འགོད་དེའི་ཕན་འབྲས་མངོན་ཐུབ།