《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年02月27日

གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་སྐྱིད་སྦུག་གྲོང་ཚོ།

མཐའ་མཚམས་གྲོང་ཚོར་ཡུལ་སྐོར་ཡོང་འབབ་རག་པ།

ཉེ་བའི་ལོ་ཤས་རིང་། སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་སྐྱིད་སྦུག་གྲོང་ཚོས་ས་གནས་དེ་གའི་ཕུན་སུམ་ཚོགས་པའི་སྐྱེས་ཁམས་ཀྱི་ལེགས་ཆར་བརྟེན་ནས་གྲོང་གསེབ་ཡུལ་སྐོར་དང་དམངས་སྲོལ་གནས་ཚང་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱས་པས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་ནུས་ལྡན་ཐུབ་པ་མ་ཟད། ད་དུང་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱུང་ནས“གྲོང་མཛེས་དམངས་ཕྱུག”གི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལམ་བུར་རིམ་བཞིན་སྐྱོད་ཐུབ་ཡོད།

ཡུལ་མི་བློ་བཟང་གིས། “ཚོང་ཁང་ཆུང་ངུའི་ནང་དུ་གཙོ་བོར་ཨ་ཤོམ་དང་། ཞོག་ཁོག ལག་ཤེས་ཐོན་རྫས། ད་དུང་སྡོང་ཕུང་དང་། སྲོ་ལོ་དམར་པོ། རི་སྐྱེས་གཡེར་མ་སོགས་འཚོང་གི་ཡོད། 2025ལོའི་ཟླ་བརྒྱད་པའི་ཟླ་མཇུག་ཏུ་ཡོང་འབབ་སྒོར་ཁྲི་4ཡས་མས་ཟིན་འདུག”ཅེས་བརྗོད། ཁོང་ནང་མི་གསུམ་གྱི་ཡོང་འབབ་གཙོ་བོ་དམངས་སྲོལ་གནས་ཚང་དང་ཡུལ་ཟོག་ཚོང་ཁང་ལ་བརྟེན་གྱི་ཡོད། མིག་སྔར། སྐྱིད་སྦུག་གྲོང་ཚོར་ཁྱོན་དུད་ཚང་42དང་མི་176ཡོད་པ་ལས་དུད་ཚང་19ཡིས་དམངས་སྲོལ་གནས་ཚང་གཉེར་སྐྱོང་བྱེད་ཀྱི་ཡོད། ཡུལ་མི་མི་ཉུང་བ་ཞིག་གིས་ད་དུང་ཚོང་ཁང་དང་ཟ་ཁང་གཉེར་བས་ཁྱིམ་ཚང་ཚང་མར་ཡུལ་སྐོར་ཡོང་འབབ་རག་ཡོད་པ་རེད།

ད་བར་སྐྱིད་སྦུག་གྲོང་ཚོའི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད་དེ། གྲོང་ཚོ་རིམ་པའི་སྨན་དོན་ཁང་དང་། ཏང་ཡོན་དང་མང་ཚོགས་ཀྱི་བྱེད་སྒོ་ལྟེ་གནས། སྤྱི་པའི་ཁྲུས་ཁང་། སྦྲག་སྲིད་ས་ཚིགས་བཅས་ཚང་དགོས་རིགས་ཚང་མ་ཚང་ཡོད། དུད་ཚང་ཚང་མར་ཆུ་ཀ་ལ་ཁྲིད་ཡོད་པ་མ་ཟད། གྲོང་ཚོ་དེ་ཡོངས་ལ་རྒྱལ་ཁབ་གློག་དྲ་ཡོངས་སུ་ཁྱབ་ནས་དྲ་ཆེན་དང་སྒུལ་འཕྲིན་ཤར་གཏོང་ཐུབ་ཡོད། 2022ལོར། གྲོང་གསེབ་དར་རྒྱས་རྣམ་གྲངས་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས་དུད་ཚང་ཚང་མའི་སྒོ་རྩ་བར་ཏུ་ཨར་འདམ་ལམ་ཡང་བཏིང་ཡོད་པ་རེད།

སྐྱིད་སྦུག་གྲོང་ཚོས“མཉམ་ལྔ་བརྟན་ལྔའི”དཔུང་སྡེ་དང་ས་གནས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཆ་སྒྲིག་མཉམ་སྐྲུན་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་བ་དང་། རིཌ་པའི་གཞུང་ལུགས་མཉམ་སྦྱོང་དང་། རྒྱལ་དར་མཉམ་སྒྲེང་། དམག་སྒར་སྒོ་དབྱེ་ཉིན་མོ་སོགས་བྱེད་སྒོ་སྤེལ་བ་བརྒྱུད་དམག་དམངས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་ཡོད། བཅའ་སྡོད་བྱ་ཡུལ་གྱི་དཔུང་སྡེའི་དཔོན་དམག་གིས་གསོ་ཚགས་དང་མཉམ་ལས་ཁང་གི་གཉེར་སྐྱོང་ལ་མཛུབ་ཁྲིད་བྱེད་པ་དང་། སྐོར་སྐྱོད་སྨན་བཅོས་དང་མཐའ་མཚམས་མཉམ་འབྲེལ་སྐོར་ཞིབ་བྱས་ནས་ཏང་ཡོན་དང་། དམག་ཉེན། སྐོར་ཞིབ། དོ་དམ་ཚོད་འཛིན་བཅས་ཟུང་དུ་སྦྲེལ་བའི་མཉམ་འགུལ་ལམ་སྲོལ་བཙུགས་པ་རེད།

ད་ཆ་སྐྱིད་སྦུག་གྲོང་ཚོའི་ཡུལ་མི་རྣམས་ཐག་རིང་དུ་འགྲོ་མི་དགོས་པར་སོ་སོའི་སྒོ་རྩར་དམངས་སྲོལ་གནས་ཚང་དང་ཡུལ་ཟོག་ཚོང་ཁང་ཆུང་ངུ་བཙུགས་ནས་ཡོང་འབབ་བརྟན་པོ་ཡོད་པ་རེད། 2024ལོར། གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་24117ཟིན་པ་དེ་དུས་མཚུངས་ལས་7.8%འཕར་ཡོད་པ་རེད།