འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་2ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ལོ་གཉིས་ལྷག་ཙམ་རིང་འབད་བརྩོན་བྱས་པ་བརྒྱུད། ཆབ་མདོ་གྲོང་ཁྱེར་གྱིས་རེ་ཞུ་བྱས་པའི“བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་རྫ་ཆུའི་ཆུ་འགོའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་དཔེ་སྟོན་རྣམ་གྲངས”དེ་2026ལོའི་ཀྲུང་དབྱང་ནོར་སྲིད་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་དཔེ་སྟོན་རྣམ་གྲངས་ཀྱི་འགྲན་རྩོད་རང་བཞིན་གྱི་དཔྱད་ཞིབ་ཁྲོད་འབུར་དུ་ཐོན་ནས་དཔྱད་ཞིབ་དང་ཡོངས་བསྒྲགས་ཀྱི་བརྒྱུད་རིམ་ནང་དངོས་སུ་ཚུད་དེ་དོན་འཁྱོལ་བྱ་རྒྱུར་གཏན་འཁེལ་བྱས་པ་རེད།
དེ་ནི་བོད་རང་སྐྱོང་ལྗོངས་ཀྱིས་འགྲན་རྩོད་རང་བཞིན་གྱི་དཔྱད་ཞིབ་བརྒྱུད་བརྩོན་ལེན་བྱས་པའི་ཀྲུང་དབྱང་ནོར་སྲིད་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་དཔེ་སྟོན་རྣམ་གྲངས་ཐོག་མ་དེ་ཡིན་ཞིང་། དེ་ལས་ཆབ་མདོ་གྲོང་ཁྱེར་གྱི་ནགས་ཚལ་དང་རྩྭ་ཐང་ལས་དོན་གྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ཐད་འགག་རྩའི་གོམ་སྟབས་སྤོས་ནས། རྒྱལ་ཁབ་རིམ་པའི་ཚད་མཐོའི་ཁས་ལེན་དང་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་མཚོན་ཡོད། རྣམ་གྲངས་དེ་བདེ་བླག་ངང་དོན་འཁྱོལ་བྱས་ནས་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་ཁ་རུབ་དང་། བྲག་གཡབ། རི་བོ་ཆེ་བཅས་རྫོང(ཆུས)3དང་འབྲེལ་བ་ཡོད་པ་དང་། ཤང་དང་གྲོང་རྡལ་19ལ་ཁྱབ་ནས་ལོ་3རིང་མ་ལག་རང་བཞིན་གྱི་ཕྱོགས་བསྡུས་བཅོས་སྒྲིག་བརྒྱུད་རྒྱལ་ཁབ་ས་ཆ་མུའུ་ཁྲི་21.8སྔོ་འགྱུར་བྱེད་རྒྱུ་རེད། རྣམ་གྲངས་དེ་མི་ཐབས་ནགས་བཟོ་རྨང་གཞིར་བྱས་ཏེ་སྡོང་ཕྲུག་གསོ་སྐྱོང་དང་། ཞན་འགྱུར་ནགས་ཚལ་ཉམས་གསོ། སྤུས་ཚད་ཞན་པ་དང་ཕན་འབྲས་ཉུང་བའི་ནགས་ཚལ་སྒྱུར་བཀོད། རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོ་སོགས་ནགས་ཚལ་དང་རྩྭ་ཐང་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ་དང་འབྲེལ། དགོས་ངེས་ཀྱི་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཆུང་གྲས་ཀྱང་སྒྲིག་སྦྱོར་བྱ་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་སྔོན་དཔག་ལྟར་ན་ནགས་ཚལ་གྱི་ཐོན་ཁུངས་རྒྱ་སྐྱེད་དང་། སྤུས་ཚད་མཐོར་གཏོང་། ཕན་འབྲས་ཆེར་གཏོང་། དབྱང་གཉིས་ཐཱན་འགྱུར་ཁ་སྣོན་ཐུབ་རྒྱུ་དང་། རྩྭ་ཐང་གི་ཐོན་སྐྱེད་ནུས་ཤུགས་སྲ་བརྟན་དང་། སླར་གསོ། རིམ་སྤོར་བཅས་ཐུབ་རྒྱུ། ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་གཏོང་རྒྱུ། རང་བྱུང་ཐོན་ཁུངས་ཀྱི་སྐྱེ་ཁམས་རིན་ཐང་རྒྱུན་མཐུད་ངང་འཕར་རྒྱུ་རེད། སྔོན་དཔག་བྱས་ན་མི་ཁྲི་1.8ལྷག་ཙམ་ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་ཐུབ་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འཚོ་བའི་ཁོར་ཡུག་གཏོད་རྒྱུ་སོགས་ལ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུ་རེད།
(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། མཚམས་གཅོད་དང་སྒྲོན་ལགས་ཀྱིས་ཞུས)