ཞོགས་པའི་ཆུ་ཚོད་བརྒྱད་པ་ཟིན་ཡང་། ཁོ་མོ་ད་དུང་མི་ཡོང་དོན་ཅི།
ངས་གྱང་ལྡེབས་སུ་བཀལ་བའི་ཆུ་ཚོད་ལ་ལྟ་བཞིན་འདི་ལྟར་བསམས། ནམ་རྒྱུན་ཡིན་ན། ཁོ་མོ་དུས་ཆད་བཏབ་པ་ལྟར་ངའི་གཡོན་ཕྱོགས་སུ་ཡོད་པའི་རྐུབ་སྟེགས་གྲུ་བཞི་དེར་བསྡད་དེ་གཅིག་པུར་ཁ་ལག་ཟ་བཞིན་ཡོད་ངེས་ཀྱང་། དེ་རིང་ཁོ་མོར་དོན་དག་ཅི་ཞིག་བྱུང་བ་ཡིན། ངས་སྟོང་པར་ལུས་པའི་འབོལ་གདན་གྲུ་བཞི་དེར་ཅེར་ཏེ་ཁོ་མོ་དུས་ཐོག་ཏུ་མི་ཡོང་དོན་ལ་བསམ་བློ་བཏང་། ལམ་བར་དུ་ཁོ་མོར་འགྲིམ་འགྲུལ་གྱི་ལས་འཛོལ་འདྲ་ཐོན་པ་ཨེ་ཡིན། ཡང་མིན་ན། ཁོ་མོར་ནད་ཁྱད་མཚར་རེ་ཕོག་པ་མིན་ནམ། འདི་འདྲ་མིན་ན་ཁོ་མོ་སྔ་ས་ནས་ངའི་མིག་མདུན་དུ་འབྱོར་ཁོ་ཐག་རེད།
ཞོགས་པ་དེར། ང་ལ་ཟས་ཀྱི་ཡི་ག་གཏན་ནས་མི་འདུག ངས་འདི་ལྟར་ཆ་རྒྱུས་མེད་པའི་བུ་མོ་ཞིག་དེ་མ་ཉིད་དུ་ངའི་གམ་དུ་འཐོན་པར་ངང་སྒུག་བྱེད་བཞིན་བསྡད། ཆ་རྒྱུས་མེད་ཟེར་ཡང་མི་འགྲིག་སྟེ། མ་མཐར་ཡང་ངེད་གཉིས་པོས་ཟ་ཁང་གཅིག་ཏུ་ཟླ་ཤས་རིང་ཟ་མ་ཟོས་མྱོང་བ་མིན་ནམ། མ་གཞི་ངེད་གཉིས་པོ་ཕན་ཚུན་ངོ་མི་ཤེས་ཀྱང་། ཟླ་བ་འགའ་ཤས་རིང་ཟ་ཁང་གཅིག་ཏུ་མ་བྱན་གཅིག་གིས་གཡོ་སྐོལ་བྱས་པའི་ཞོགས་ཟས་གཅིག་པ་ཟོས་ཤིང་། ཟ་ཁང་འདིའི་མཁའ་རླུང་གཅིག་པ་རྔུབ་བཞིན་བསྡད་པ་མིན་ནམ། འདི་ལྟར་བསམས་ཚེ། འདིའང་ངག་རྒྱུན་དུ་བཤད་པའི་ལས་འཕྲོ་ཞེས་པ་འདི་མིན་ནམ། ཧ་ཧ། ངས་ཁོ་མོ་ནམ་རྒྱུན་སྡོད་སའི་རྐུབ་སྟེགས་སྟོང་པ་དེར་ལྟ་བཞིན་རང་དབང་མེད་པར་གད་མོ་ཤོར།
གྱང་ལྡེབས་སུ་བཀལ་བའི་ཆུ་ཚོད་ཀྱི་མདའ་མོ་དེ་ཚག་སྒྲ་དང་བཅས་བར་མཚམས་མེད་པར་འཁོར་བ་དང་བསྟུན་ནས། ཟ་ཁང་འདིར་ཞོགས་ཟས་ལ་རོལ་བཞིན་པའི་མི་རྣམས་ཀྱང་ཁྲ་ཡིས་དེད་པའི་བྱེའུ་བཞིན་བྲེལ་བྲེལ་འཚུབ་འཚུབ་ངང་གཅིག་རྗེས་གཉིས་མཐུད་ཀྱིས་ལས་ཀར་ཆས་ཏེ། ད་ནི་ཟ་ཁང་དེར་ང་དང་ཟ་ཁང་གི་ལས་མི་འགའ་ལས་ལྷག་མི་འདུག
ཟ་ཁང་དུ་ང་མ་གཏོགས་མེད་ཀྱང་། མ་བྱན་ནི་རྡོ་ལེབ་ཚ་མོའི་ཐོག་གི་གྲོག་མ་བཞིན་སྔར་བཞིན་ཚལ་གཏུབ་པ་དང་། ཇ་མངར་མོ་སྐོལ་བ། བུལ་ཐུག་འཁྲུད་པ་སོགས་ཀྱི་ལས་ཀར་མགོ་འཁོར་ཏེ། མགོ་ལ་མེ་ཤོར་ཡང་གསོད་ཁོམ་མེད་པའི་ཚད་དུ་སྣང་། ཐོག་མར་ངའི་བསམ་པར་མི་ཞེས་པ་འཚོ་བའི་བྲན་དུ་གྱུར་ན། ངོ་མ་རང་དབང་ཏིལ་འབྲུ་ཙམ་ཡང་མི་འདུག་ཨང་སྙམ་སྟེ་ཁྲེལ་དགོད་ཅིག་ཤོར་བའི་མོད་ལ། ཡང་རང་གི་ལག་ཟུང་ལ་བརྟེན་ནས་འཚོ་བར་ཁ་དོག་གསར་པ་ཞིག་སྣོན་མཁན་དག་ནི་ད་གཟོད་ང་ཚོས་ཡི་རངས་གུས་བཀུར་ཞུ་ཡུལ་དུ་གྱུར་པ་མིན་ནམ་སྙམ་སྟེ། ནར་མ་སོན་པའི་རང་གི་ལྟ་ཚུལ་ལ་ཁ་རྡུང་གཏོང་བར་ཐལ།
མ་བྱན་གྱིས་ཧ་ཅང་བྱང་ཆ་དོད་པོས་ཨན་རྡར་ཐོག་ཤ་གཏུབ་བཞིན་འདུག་ཅིང་། ཁོང་གི་དལ་ལྷོད་སྙོམས་པའི་ཤ་གཙབས་པའི་སྒྲ་ནི་དབྱངས་འགྲོས་ངེས་ཅན་མངའ་བའི་རོལ་ཆ་ཞིག་དཀྲོལ་བ་དང་ཨ་ན་མ་ནར་མཐོང་བ་དང་། ཡང་དེ་ནི་མ་བྱན་གྱིས་ཁོ་མོར་ཆེད་དུ་ཁ་ལག་གྲ་སྒྲིག་བྱེད་བཞིན་ཡོད་ངེས་སྙམ་པའི་སེམས་བྱུང་ཞིག་ཀྱང་ངང་གིས་སྐྱེས། སྐར་མ་བཅུ། སྐར་མ་ཉི་ཤུ། སྐར་མ་བཞི་བཅུ། ཆུ་ཚོད་ཀྱི་མདའ་མོ་ནི་ཁྲ་ཡིས་དེད་པའི་བྱེའུ་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་ལས་ཀར་འགྲོ་མཁན་དག་དང་འདྲ་བར་དལ་ཁོམ་མེད་པར་གཡོན་ནས་གཡས་སུ་འཁོར་བཞིན་ཡོད་ཀྱང་། ཁོ་མོ་ནི་དལ་ཁོམ་མེད་པའི་ཆུ་ཚོད་ཀྱི་མདའ་མོ་དག་དང་འབྲེལ་བ་མེད་པ་ལྟར། ད་དུང་ཡང་ངའི་མིག་ལམ་དུ་འཆར་མ་བྱུང་། ངས་སྔར་བཞིན་རང་གནས་སུ་བསྡད་དེ་ཁོ་མོ་གློ་བུར་དུ་ངའི་མིག་ལམ་དུ་འཆར་བར་བསྒུགས།
ནམ་རྒྱུན་ད་ཚོད་ཙམ་ལ་ཁོ་མོ་ངའི་གཡོན་ཕྱོགས་ཀྱི་རྐུབ་སྟེགས་གྲུ་བཞི་དེར་ཁུ་སིམ་མེར་བསྡད་དེ་ཞོགས་ཟས་ལ་རོལ་བཞིན་ཡོད་ཅིང་། ཁོ་མོས་ཞོགས་ཟས་ཟ་བའི་ཚུགས་ཀར་ལྡིར་ནས་སྡོད་རྒྱུ་ནི་ངའི་གོམས་གཤིས་ཤིག་ཏུ་གྱུར། ཁོ་མོ་སྦྱར་སྡོང་རྐང་གཅིག་ལྟར་གཅིག་པུར་ཞོགས་ཟས་ཟ་བཞིན་པ་མཐོང་དུས། ངའི་སེམས་ལ་ཁོ་མོ་འཇིག་རྟེན་མཐུན་འཇུག་གི་ལམ་བུར་ཞུགས་མི་འདུག་ཨང་སྙམ་སྟེ། ཡུན་རིང་བག་ཉལ་གྱི་ཀློང་དུ་ཚུད་པའི་ངའི་སེམས་ཀྱི་གཏིང་རུམ་ཞིག་ཏུ་ཚ་དྲོད་ཅིག་ངང་གིས་འཕེལ་བ་དང་། ཚ་དྲོད་དེས་ངའི་གདོང་པའང་ཚ་ལམ་ལམ་དུ་བཏང་བའི་སྣང་བ་ཞིག་སྐྱེས་འོང་། གལ་ཏེ་ཁོ་མོ་ངའི་བརྩེ་དུང་གི་ལྕགས་ཀྱུར་འཁོན་ན་ཅི་མ་རུང་། འདི་ལྟར་བྱུང་ཚེ། ངས་ད་གཟོད་ཕོ་ཧྲེང་གི་འཚོ་བར་རྫོགས་ཚིག་འགོད་ཐུབ་པ་མ་ཟད། ཕ་མ་གཉིས་ཀྱི་བསམ་དོན་ཡང་འགྲུབ་པ་མིན་ནམ་སྙམ།
དུས་ཡུན་ཅུང་འདས་རྗེས། གཞོན་ནུ་ཕོ་མོ་གཉིས་ལག་གདང་སྦྲེལ་ནས་ཟ་ཁང་དུ་འབྱོར། གཞོན་ནུ་མ་དེའི་ངོ་གདོང་ནི་ནུབ་ཁའི་མཚམས་སྤྲིན་ཇི་བཞིན་དམར་ལམ་ལམ་བྱེད་ཅིང་། ཟ་ཁང་དུ་འཛུལ་ཡོང་དུས་ཀྱང་མགོ་བོ་ཅུང་ཟད་སྒུར་བ་དང་གོམ་པ་ཡང་མོ་སྤོས་ཏེ་ཡོང་བའི་ཚུགས་ཀར་བལྟས་ཚེ། ཁོ་གཉིས་ནི་ད་སོ་མ་དགའ་རོགས་བསྒྲིགས་ཏེ་བརྩེ་དུང་གི་དབྱིངས་ལ་ཚུད་པ་ངང་གིས་རྟོགས་འོང་། ཕོ་གཞོན་དེས་འཛེམ་བག་ཅི་ཡང་མེད་པར་བུ་མོ་དེའི་ལག་པ་ནས་འཐེན་ཏེ་སྦོ་དགྱེད་དགྱེད་ཀྱིས་ངས་ངང་སྒུག་བྱེད་བཞིན་པའི་བུ་མོ་དེའི་སྡོད་སར་བསྡད་སོང་། ཁོ་གཉིས་ཀྱིས་འཛེམ་བག་མེད་པར་ཁོ་མོའི་འདུག་གནས་སུ་བསྡད་པ་མཐོང་དུས། ངའི་བསམ་པར་གལ་ཏེ་ངའི་ཁོ་མོ་གློ་བུར་དུ་འདི་གར་ལྷགས་ཚེ། ཁོ་མོ་གང་དུ་སྡོད་དམ་སྙམ་སྟེ། དེ་མ་ཉིད་དུ་གཞོན་ནུ་ཕོ་མོ་གཉིས་ཀྱི་གམ་དུ་སོང་ནས། དགོངས་པ་མ་ཚོམས། འདི་གར་སྡོད་མཁན་ཡོད་ཅེས་བཤད། ངའི་སྐད་ཆ་ཐོས་རྗེས་ཕོ་གཞོན་དེས་གཡས་གཡོན་དུ་མིག་གིས་བཤེར་ཙམ་བྱས་ཤིང་། ཟ་ཁང་དུ་སྐུ་མགྲོན་གཞན་མེད་པ་ཤེས་རྗེས་ཅུང་མ་རངས་པའི་ཚུལ་གྱིས། མི་གང་དུ་ཡོད་ཅེས་དྲིས། ངས་ཁོ་མོ་བསླེབ་གྲབས་ཡོད། ད་ལྟ་འདི་གར་ཡོང་བའི་ལམ་དུ་ཡོད་ཅེས་བཤད་པར། གཞོན་ནུ་དེས་ང་ལ་མིག་ལོག་ཅིག་བལྟས་ཏེ་འདོད་ལ་མ་འདོད་ངང་བུ་མོ་དེའི་ལག་པ་ནས་དམ་པོར་འཇུས་ཏེ་འཁྲིས་ཀྱི་འདུག་གནས་སྟོང་པ་ཞིག་ཏུ་ལྗིད་ཏིག་གེར་བསྡད་སོང་། ཁོའི་ཚུགས་ཀར་བལྟས་ཚེ། གལ་ཏེ་ཁོས་བུ་མོ་དེའི་ལག་ནས་དམ་པོར་མ་འཇུས་ཚེ། བུ་མོ་དེ་གཞུ་ལས་ཤོར་བའི་མདའ་མོའམ། སྲབ་མདའ་ལས་ཤོར་བའི་རྟ་རྒོད་བཞིན་དེ་མ་ཉིད་དུ་ཁོའི་ལག་ནས་ཤོར་སྲིད་པ་ལྟར་སྣང་། ངའི་བསམ་པར་ད་ཐེངས་ངས་ཡུན་རིང་ངང་སྒུག་བྱེད་བཞིན་པའི་བུ་མོ་དེའི་ཆེད་དུ་ལས་བཟང་ཞིག་བསྒྲུབས་ཐུབ་སོང་ཨང་སྙམ་སྟེ། སེམས་ལ་རང་བཞིན་གྱིས་དགའ་སྣང་དང་སྤྲོ་སྣང་ཞིག་འཕེལ་བ་མ་ཟད། གལ་ཏེ་ངས་ཁོ་མོའི་འདུག་གནས་དེ་བརྟན་པོར་བསྲུངས་པ་ཁོ་མོས་ཤེས་ཚེ། ཁོ་མོ་དང་ངའི་བར་དུ་བསྟུངས་པའི་བར་ཐག་དེའང་རང་བཞིན་གྱིས་ཐུང་དུ་འགྲོ་བའམ། རླུང་རྟ་བརྒྱུགས་ན་ཁོ་མོས་ང་ལ་རང་འགུལ་གྱིས་སྐད་ཆ་ཚིག་གཅིག་གཉིས་ཤོད་པའམ། ཡང་ན་འཛུམ་ཞིག་སྟོན་ངེས་རེད་སྙམ།
ཁོ་གཉིས་ཀྱིས་བུལ་ཐུག་དང་ཇ་མངར་མོར་ལོངས་སུ་སྤྱོད་བཞིན་མཚམས་རེ་ཟས་ཁམ་གང་རེ་བཟས་རྗེས་མཉམ་དུ་ཁ་པར་ལ་ལྟ་བ་དང་། མཚམས་རེ་སྐད་ཆ་ཤབ་ཤུབ་རེ་སྨྲ་བཞིན་བུ་མོ་དེས་ལག་གཡས་པའི་སྦར་མོས་ཁ་སྣ་བཀབ་སྟེ་དགོད་ཙམ་དགོད་ཙམ་བྱེད། ངས་བརྩེ་དུང་གི་ཟེའུ་འབྲུ་འཐུ་བཞིན་པའི་གཞོན་ནུ་དེ་གཉིས་ལ་རང་དབང་མེད་པར་ཅེ་རེར་ལྟ་བར་ཐལ་ཞིང་། གལ་ཏེ་ང་དང་ཁོ་མོ་ཡང་གཞོན་ནུ་དེ་གཉིས་དང་འདྲ་བར་ཅོག་ཙེ་གྲུ་བཞི་གཅིག་གི་ཐོག་ཏུ་ཟ་མ་ཟ་སྐལ་བྱུང་ཚེ་ཅི་འདྲའི་དགའ་བ་ལ་ཨང་སྙམ་པ་དང་། ཀླད་པའི་དཀྱིལ་འཁོར་དུ་ཁོ་མོ་དང་ལྷན་དུ་ཟས་ཀྱི་སྟོན་མོར་རོལ་བཞིན་པའི་ངང་ཚུལ་ལ་འཆར་ཡན་སྣ་ཚོགས་བྱེད་པར་ཐལ། ཡུད་ཙམ་སོང་རྗེས། གཞོན་ནུ་དེས་གདོང་པ་ནག་རོག་རོག་གིས་ངའི་གམ་དུ་ལྷགས་ཏེ། ཁོ་རེ། ངེད་གཉིས་ལ་ལྟ་རྒྱུ་ཅི་འདུག ངེད་གཉིས་ཟ་ཁང་འདིའི་སྒོ་འཛུལ་བ་ནས་བཟུང་། ཁྱོད་ཀྱིས་ང་གཉིས་ལ་ལྡིར་དོན་ཅི་ཡིན། ཐོག་མར་འདུག་གནས་སྟོང་པ་དེར་སྡོད་མཁན་མེད་བཞིན་དུ་ཁྱོད་ཀྱིས་འདུག་མཁན་ཡོད་ཅེས་རྫུན་བཏབ་སྟེ་ངེད་གཉིས་པོའི་སྡོད་གནས་ཕྲོགས། དེ་རྗེས་བླ་བོར་བ་ལྟར་ངེད་གཉིས་ལ་ལྡིར་དོན་ཅི་ཡིན། ཁོ་རེ། ད་རང་ཚོད་ཟིན་ཞིག ངས་བཟོད་པ་ཡུན་རིང་བསྒོམས་པ་ཡིན་ཞེས་ཟེར་ཏེ། ང་ལ་རྫིག་རྫིག་དང་འཇིགས་སྣང་སྐུལ། ཁོའི་དགའ་རོགས་བུ་མོ་དེས་ཁོའི་སྔུན་འགོག་ཞོར་ང་ལ་ཕྱོགས་ནས་འཛུམ་ཙམ་བྱས་ཏེ། སྐྱོན་མེད། སྐྱོན་མེད་ཅེས་བཤད་པ་དང་། ཁོའི་ཕུ་ཐུང་ནས་འཐེན་ནས་རང་གི་འདུག་གནས་སུ་ཁྲིད་ཀྱང་། བུ་མོ་དེའི་གམ་དུ་རང་གི་ཕོ་ཉམས་སམ་དཔའ་ཉམས་ངོམ་ཆེད་གང་ཡིན་ཆ་མི་འཚལ་མོད། ཁོ་ནི་དེ་མ་ཉིད་དུ་སྒོ་ཁྱི་ཇི་བཞིན་བདག་པོས་བཀག་ན་ཇེ་མཐུ་ནས་ཇེ་མཐུར་སོང་སྟེ། བསམ་དབང་དྲན་དབང་མེད་པར་ངའི་བྲང་ཁ་ནས་དམ་པོར་བཟུང་ནས། ཁྱོད་ཀྱིས་ད་དུང་ཡང་ངེད་གཉིས་ལ་ལན་ཅིག་བལྟས་ན། དཀོན་མཆོག་གསུམ། ངས་ཁྱོད་ཀྱི་ཐོད་པར་མིག་གསུམ་པ་ཞིག་བསྒར་བའམ། ཁྱོད་ཀྱི་ཐོད་པར་ཁྲག་གི་མཆོད་མེ་ཞིག་འབུལ་ཁོ་ཐག་ཡིན་ཞེས་བཤད། ཁོས་རང་གི་དགའ་རོགས་ཀྱི་མདུན་དུ་དཔའ་ཉམས་སྟོན་ཏེ་ང་ལ་རྫིག་རྫིག་བྱེད་དུས། ངས་ཀྱང་སྒྱིད་པ་འཁུམས་ནས་བསྡད་ན་མི་འགྲིག་བསམས་ཏེ། ཁོ་ལ་འགྲམ་ལྕག་མེ་འབར་བ་ཞིག་གཞུས། ངའི་འགྲམ་ལྕག་དེས་ཡུད་ཙམ་རིང་ཁོ་ཧོན་ཐོར་ནས་ལུས་པ་དང་། དེ་རྗེས་བརྒྱལ་བ་ལས་སད་པ་ལྟར། ལག་གཡོན་མས་ངའི་སྐྲ་ལོ་ནས་བཟུང་བ་དང་། ལག་གཡས་པས་ཁུ་ཚུར་བཅས་ཏེ་ངའི་མགོ་བོ་དང་གདོང་པ་སོགས་ལ་དྲག་ཆར་འབབ་འབབ་གཞུས། ངའི་བསམ་པར་ང་ཡང་ལངས་ནས་གཅིན་པ་གཏོང་མཁན་ཞིག་ཡིན་པས། གལ་ཏེ་ངས་བླ་བོར་བ་ལྟར་གཞན་གྱི་བརྙས་བཅོས་དང་ཐུབ་ཚོད་ལ་བཟོད་བསྲན་བྱེད་བཞིན་པ་ངའི་ཁོ་མོས་མཐོང་ཚེ། ང་ནི་རང་ཉིད་ལའང་སྲུང་སྐྱོབ་མི་ཐུབ་པའི་འཁོས་ཆུང་ཞིག་གམ་སྡར་མ་ཞིག་རེད་ཨང་སྙམ་སྟེ་ཡི་ཐང་ཆད་ངེས་རེད། གལ་ཏེ་ཁོ་མོའི་སྣང་བར་ང་ནི་མི་སྡར་མ་ཞིག་ཏུ་མཐོང་ཚེ། ཁོ་མོས་ང་ལ་མིག་གིས་ལྟ་ཅི། ལྟག་ཁུང་གིས་ཀྱང་ག་ལ་ལྟ་སྲིད་སྙམ་སྟེ། དེ་མ་ཉིད་དུ་ལག་གཉིས་པོས་ཁོའི་སྐེ་དམ་པོར་བཙིར་བ་དང་། རང་གི་མགོ་བོས་ཁོའི་མགོ་བོར་ཤེད་ཀྱིས་བརྡུངས་པར། ཁོ་ནི་དབུགས་ཀྱང་རྔུབ་ལེན་དཀའ་བར་གྱུར་ཏེ་ཁ་ནས་འཁུན་སྒྲ་བར་མེད་སྒྲོག་པ་དང་། མགོ་བོ་ཕར་གཡུག་ཚུར་གཡུག་གིས་ངའི་ལག་ནས་ཐར་ཐབས་བྱེད། ངེད་གཉིས་སྦེ་ག་འགྲན་པ་ལྟར་གཅིག་གིས་གཅིག་ལ་དམ་པོར་འཁྱུད་ནས་སུས་ཀྱང་མགོ་མི་སྒུར་བར་འཛིང་རེས་ཀྱིས་ས་འཁོལ་བ་མཐོང་བས། ཁོའི་དགའ་རོགས་བུ་མོ་དེས་ཁོའི་རྒྱབ་རྩར་ལངས་ཏེ། འཁྲིས་ཀྱི་ཅོག་ཙེ་ནས་ཇ་དམ་ཞིག་བླངས་ཤིང་། ཚམ་ཚོམ་མེད་པར་ངའི་མགོ་བོར་གཞུས། ཡུད་ཙམ་ཞིག་གི་རིང་ལ། ང་ལ་དུས་གཅིག་ཏུ་ས་རུབ་པ་དང་སྐར་མ་ཤར་བ་ལྟ་བུའི་སྣང་བ་ཞིག་སྐྱེས་ཤིང་། དལ་གྱིས་ངས་རང་གི་མགོ་བོ་ནས་ཁྲག་བཞུར་བ་མཐོང་བ་དང་། རྨི་ལམ་ལྟ་བུའི་འཆར་ཡན་ཞིག་གི་ཀློང་དུ་ངའི་མཐོང་ལམ་དལ་གྱིས་རབ་རིབ་ཏུ་གྱུར།
ང་རང་བརྒྱལ་བ་ལས་སངས་དུས། ངའི་མགོ་བོ་དང་། འགྲམ་པའི་གཡས་གཡོན། ད་དུང་འཕོངས་སོགས་ལས་ན་ཟུག་ལྡང་སྟེ་སྐད་ངན་འཆོར་ལ་ཁད་བྱེད་ཅིང་། ངའི་མཐའ་འཁོར་དུ་ཟ་ཁང་གི་ལས་མི་དང་གཞོན་ནུ་དགའ་རོགས་གཉིས་པོས་རུབ་རུབ་ཀྱིས་བསྐོར་ནས་ཡོད་པས། ང་ནི་ཡུད་ཙམ་རིང་ངོ་ཚ་ནས་མགོ་བོའང་དགྱེ་མ་ཕོད་པར་གྱུར་ནས། དེ་མུར་འཛུལ་སའི་ཁུང་བུ་ཞིག་བྱུང་ན་ཅི་དྲག་སྙམ།
ཁོ་རེ། ན་རྫུ་བཏབ་ནས་ཅི་བྱེད། མགྱོགས་པོ་ཡར་ལོངས། ཕོ་གཞོན་དེས་འདི་སྐད་ཟེར་ཞིང་། ཁོའི་སྐད་གདངས་ཀྱི་ཁྲོད་དུ་སྔར་བཞིན་ཁོང་ཁྲོའི་གཡའ་ཞིག་འདྲེས་འདུག ངའི་མགོ་བོ་དང་རྐང་ལག་ཟུང་ན་ཟུག་གིས་གཟེར་བྲེང་བྲེང་བྱེད་ཀྱང་། མི་མང་པོས་རུབ་རུབ་ཀྱིས་ལྟ་བཞིན་ཡོད་སྟབས། ངོ་ཚས་མ་བཞག་པར་ལག་པ་ས་ལ་བཙུགས་ནས་ཡར་ལངས་པའི་སྟ་གོན་བྱས་པ་ན། ངའི་བགྲོད་བྱེད་རྐང་པ་ཟུང་ནི་ད་སོ་མ་བཙས་མ་ཐག་པའི་ལུ་གུ་ལྟར་འདར་སིག་སིག་བྱས་ནས་ཨེན་ཙམ་མིན་ན་རང་སར་འགྱེལ་ལ་ཁད་བྱས།
ང་རང་ཆམ་ལ་ཕབ་པའམ་དམག་ཕམ་པའི་དམག་མི་ཞིག་ལྟར་གཞོན་ནུ་དེ་གཉིས་ཀྱི་ལག་འོག་ཏུ་ཕམ་པ་ཤེས་དུས། རང་བརྩིའི་བསམ་པས་མ་བཞག་པར། དེ་མ་ཉིད་དུ་ས་ཐོག་ནས་ཧོབ་སྟེ་ལངས་ཏེ། གཞོན་ནུ་དེའི་ལུས་ཐོག་ཏུ་མཆོངས་པས། ང་དང་ཁོ་ས་མཐིལ་ཐོག་ཅལ་སྒྲ་དང་བཅས་འགྱེལ་ཞིང་། དེ་ནི་སྡོང་རྒན་ཞིག་རང་ཚུགས་མ་ཐུབ་པར་གློ་བུར་དུ་ས་ལ་འགྱེལ་བ་དང་མཚུངས། འོན་ཀྱང་། མི་འདྲ་ས་ཞིག་ནི་ཐེངས་འདིར་ངས་ཁོ་པ་རང་གི་ལུས་འོག་ཏུ་མནན་ཡོད་པ་དེ་རེད། ཁོའི་ལྟག་ཁུང་ནས་ཁྲག་དམར་ཆིལ་ཆིལ་དུ་བཞུར་བ་དང་། ང་ལ་རྒོལ་ལན་སློག་རྒྱུའང་བརྗེད་པ་ལྟར། རང་གི་མགོ་བོར་ཕུར་ཕུར་བྱེད་བཞིན་རྡོ་ཕོག་པའི་བྱེའུ་རྨས་མ་ཇི་བཞིན་དབུགས་ལྷེམ་ལྷེམ་དུ་ལུས་འདུག གཞོན་ནུ་དེ་ངའི་ལག་འོག་ཏུ་ཕམ་ནས་འགུལ་ཙམ་ཡང་བྱེད་མི་ཐུབ་པར་ལུས་པས། ཁོའི་དགའ་རོགས་བུ་མོ་དེས་དེ་མ་ཉིད་དུ་ངའི་སྒལ་རྒྱབ་ནས་འཐེན་ཏེ་ངུ་སྐད་དང་བཅས། ཕྱོགས་སྤང་ཁྱོད་ཀྱིས་ངའི་རོགས་པ་ལམ་སེང་གློད་ཅིག་ཅེས་བཤད་ཅིང་། མོའི་གདོང་གི་ནམ་མཁར་སྤྲིན་ནག་འཁྲིགས་པ་ལྟར་ནག་རོག་རོག་བྱེད། ངས་ཁོའི་གཉའ་ནས་མནན་པས། ཁོ་ནི་འཕག་འཚག་རྒྱག་ཐབས་བྲལ་ཏེ་རང་སར་དབུགས་ལྷེམ་ལྷེམ་དུ་ལུས་ཀྱང་། ཁོས་རང་གི་དགའ་སའི་བུ་མོ་དེའི་མདུན་དུ་སྒྱིད་པ་འཁུམས་ནས་མ་བསྡད་པར་ངར་ཤ་ཆེན་པོས་རྐང་འཁྲབ་ལག་འཁྲབ་ཀྱིས་ངའི་ལུས་འོག་ནས་ཐར་གང་ཐུབ་བྱེད། ཁོས་རྐང་འཁྲབ་ལག་འཁྲབ་ཇི་ཙམ་བྱས་ཀྱང་། ངས་ལུས་ཤུགས་གང་ཡོད་ཀྱིས་ཁོའི་བྲང་ཁ་ནས་མནན་པས། ཁོའི་ངལ་བ་མཐའ་དག་སྟོང་ཟད་དུ་ཕྱིན། ཁོ་ངའི་ལག་འོག་ནས་ཐར་ཐབས་མེད་པ་ཤེས་རྗེས། ཁོའི་དགའ་རོགས་བུ་མོ་དེ་ག་བྱེད་འདི་བྱེད་མེད་པར་གྱུར་ཏེ་དེ་འཕྲལ་ཁུག་མ་ནས་ཁ་པར་བཏོན་ཏེ་ང་ལ་རྫིག་རྫིག་བྱེད་ཞོར་དུ། ཁྱོད་ཀྱིས་ངའི་རོགས་པ་མ་གློད་ན། ང་ལམ་སང་ཉེན་རྟོག་པར་ཁ་པར་རྒྱག་གི་ཡིན་ཟེར། ཉེན་རྟོག་པར་ཁ་པར་རྒྱག་གི་ཡིན་ཞེས་པའི་མོའི་སྐད་ཆ་དེ་ཐོས་རྗེས་ང་ཅུང་ཟད་དངངས་ཏེ་མོའི་དགའ་རོགས་གློད་པའི་སྟ་གོན་བྱས་པ་ན། ཁོས་ངའི་ལག་འོག་ཏུ་མནན་ནས་ཡོད་པའི་ཁོ་རང་གི་ལག་པ་ཧོབ་སྟེ་བསྐུམས་སོང་། ཁོས་དེ་འཕྲལ་ཨམ་གཙིགས་བསྡམས་ཞོར་མུར་མཛོག་བསྒོངས་ནས་ངའི་མགོ་བོ་དང་བྲང་གཞུང་དུ་དྲག་ཆར་འབབ་འབབ་གཞུས། ཁོའི་མུར་མཛོག་ལ་ང་ནད་མ་ཁྱོགས་པར་དེ་འཕྲལ་ངས་ཀྱང་མུར་མཛོག་བསྒོངས་ཏེ་ཁོའི་སྣ་ལ་ལྡིར་ནས་ཤེད་ཀྱིས་ལན་ཅིག་གཞུས་པར། གཟེངས་མཐོ་བའི་ཁོའི་སྣ་ཡི་གྲོག་ཤུར་ནས་ཁྲག་དམར་ཆིལ་ཆིལ་དུ་བཞུར་ཞིང་། ན་ཟུག་བསྲན་མ་ཐུབ་པར་ཁ་ནས་འཁུན་སྒྲ་བར་མེད་སྒྲོག་པ་ལས། ད་ནི་གཉའ་འཁུམས་ནས་ང་ལ་རྒོལ་ལན་སློག་པའི་སྤོབས་པའང་མི་འདུག ཁོའི་ཁ་ནས་ཁྲག་དམར་བཞུར་ཡང་། ངའི་བསམ་པར་གལ་ཏེ་ངས་ཁོ་གློད་ཕྱིན་ཁོས་འཕྲལ་དུ་ང་ལ་རྒོལ་ལན་སློག་ངེས་རེད་སྙམ་སྟེ། ཁོའི་ལག་པ་ཟུང་གཅུས་རིས་བསྡམས་ཏེ་འཕག་འཚག་རྒྱག་ཐབས་མེད་པར་བཟོས།
ཁོའི་སྣ་ནས་ཁྲག་དམར་བར་མེད་བཞུར་བ་མཐོང་བས། ཁོའི་དགའ་རོགས་དེའི་སེམས་པའང་རེ་ཞིག་འཇིགས་སྣང་གི་བཙོན་རར་ཚུད་པ་ལྟར། གདོང་ནས་འཚེར་སྣང་གི་གཡའ་ཏོག་ཙམ་མངོན་ཆུང་གིས་མངོན་ཡོང་ཞིང་། སྐྲག་པའམ་ང་རྒྱལ་གྱིས་མ་བཞག་པ་གང་ཡིན་ཆ་མི་འཚལ་མོད། མིག་རྩ་དམར་ལམ་ལམ་གྱིས་ང་ལ་ལྟ་བཞིན་དུ། ཇོ་ལཊ། སྐུ་མཁྱེན། ངའི་དགའ་རོགས་གློད་རོགས། ཚང་མ་ངེད་གཉིས་པོའི་ལན་པ་ཡིན་ཞེས་བཤད་དེ་ང་ལ་ཞུ་བ་ཕུལ། ངས་སྔར་བཞིན་ཁོ་འོག་ཏུ་མནན་ཏེ་གློད་རྩིས་མེད་པ་ཤེས་པས། མོས་ད་གཟོད་ང་དང་ཉེ་བར་བཏུད་དེ་ངའི་ཕུ་ཐུང་གི་སྣེ་མོ་ནས་འཐེན་ཙམ་འཐེན་ཙམ་བྱས་འོང་། ངའི་བསམ་པར་གལ་ཏེ་ངས་མོའི་རེ་བ་ལྟར་མོའི་དགའ་རོགས་མ་གློད་ཚེ། ང་ནི་སྨན་ཤར་ཞིག་ལ་བརྙས་བཅོས་བྱེད་མཁན་ཞིག་ཏུ་གྱུར་ངེས། གལ་ཏེ་ངས་སྨན་ཤར་ཞིག་ལ་ཐུབ་ཚོད་བྱས་པ་ངའི་ཁོ་མོས་ཤེས་ཚེ། ཁོ་མོའི་སེམས་ལ་ཕངས་སེམས་དྲག་པོ་སྐྱེ་ངེས་པ་མ་ཟད། ཐ་ན་ཁོ་མོས་ང་ནི་མིང་དོན་མཚུངས་པའི་ཕོ་ཁྱོ་ག་ཞིག་ཏུ་བརྩི་མིན་ཡང་འཕྱང་མོ་ཉུག
སུ་ཞིག་གིས་བོས་པ་ང་ལ་གསལ་ཆ་མེད་མོད། ཡུད་ཙམ་སོང་རྗེས། ཉེན་རྟོག་པ་གཉིས་ང་ཚོའི་གམ་དུ་ལྷགས། ཉེན་རྟོག་པ་བུ་མོ་དེས་སྐྲའི་ལན་བུ་ལྟག་རྒྱབ་ཏུ་ཐུར་དུ་དཔྱངས་འདུག་ཅིང་། ཁོ་མོའི་བྱད་བཞིན་མཐོང་དུས། ང་རང་ངོ་ཚས་མ་བཞག་པར་མགོ་བོ་རང་དགར་སྒུར་ནས་འདུག་དགོས་བྱུང་། ཉེན་རྟོག་པ་བུ་མོ་དེའི་གདོང་པ་མཐོང་དུས། ང་ནི་ལྐུགས་པས་ལྷ་མཐོང་བ་བཞིན་ཐོག་མར་ཅུང་ཟད་ཧད་དེ་ལུས་ཤིང་། དེ་རྗེས་རྟབ་རྟབ་པོར་གྱུར་ཏེ་ཐ་ན་ངས་གཞོན་ནུ་དེའི་མགོ་བོ་ས་མཐིལ་ཐོག་མནན་ཡོད་པའང་རང་དགར་བརྗེད།
ཁྱེད་གཞི་ནས་ཡོང་བ་ཡིན་ནམ། སྐད་ཆ་དེ་ནི་ང་རང་གི་ངག་ནས་མ་ཕྱུངས་པར་བྲང་ཁོག་གམ་ལྟེ་བ་གང་རུང་ནས་ཐོལ་གྱིས་ཕྱིར་གྲགས་པ་དང་མཚུངས། ངས་ཉེན་རྟོག་པ་བུ་མོ་དེར་ཕྱོགས་ནས་འདི་ལྟར་བཤད་པས། མོས་ཤིན་ཏུ་དོགས་མི་བདེ་བའི་མིག་ཟུང་གིས་ང་ལ་ལྟ་བ་ལས་ཅི་ཡང་མ་བཤད། གཞོན་ནུ་དེས་རང་ལ་བདེན་པ་ཡོད་མདོག་ཁ་པོས། རྒན་ལགས། ངས་བལྟས་ན་མི་འདིའི་ཀླད་པའི་དབང་རྩར་སྐྱོན་འདུག ཁོས་ཐོག་མར་ང་གཉིས་ཀྱི་སྡོད་ས་ཕྲོགས་པ་དང་། དེ་རྗེས་བླ་བོར་བ་ལྟར་ངེད་གཉིས་པོར་ལྡིར་འོང་། འདི་ནི་ཁོས་རྐང་བཙུགས་ནས་ང་གཉིས་ལ་ཅོ་འདྲི་བའམ། ཡང་ན། རྙོག་དྲའི་སྒམ་ཆུང་གི་ཁ་ཕྱེ་བ་མིན་ན་གང་ཡིན་ཞེས་སྙན་སེང་ཞུས། ཉེན་རྟོག་པ་བུ་མོ་དེས་ཀྱང་ང་ལ་ལྟ་བཞིན་དུ། ངས་བལྟས་ནའང་མི་འདིའི་ཀླད་པའི་དབང་རྩར་སྐྱོན་འདུག ང་ནམ་རྒྱུན་འདི་གར་ཞོགས་ཟས་ཟ་དུས་ཀྱང་ཁོས་ང་ལ་ཡང་ཡང་ལྡིར་འོང་ཟེར། ཉེན་རྟོག་པ་བུ་མོ་དེའི་སྐད་ཆ་ཐོས་རྗེས། ང་ནི་ཀླད་པའི་དབང་རྩར་སྐྱོན་ངོ་མ་ཡོད་མཁན་ཞིག་ལྟར། ནམ་རྒྱུན་སྨྲ་ལྕེ་བདེ་བའི་ང་རང་རེ་ཞིག་ཅི་ཤོད་འདི་ཤོད་མེད་པར་ལུས།
རྨི་ལམ་ལྟ་བུའི་འཕྲུལ་སྣང་ཞིག་གི་ཁྲོད་དུ། ཉེན་རྟོག་པ་འདི་གཉིས་ཀྱིས་ངའི་གཡས་གཡོན་ནས་བསྐྱོར་ཏེ་ང་རང་རླངས་འཁོར་དུ་བཅུག ངའི་ལུས་རྟེན་ནི་ཉེན་རྟོག་པའི་རླངས་འཁོར་ནང་དུ་ཡོད་ཀྱང་། ངའི་སེམས་པ་ནི་སྔར་བཞིན་ཁོ་མོར་ངང་སྒུག་བྱེད་སའི་ཟ་ཁང་དེར་ལུས་སོང་བ་ངས་གསལ་པོར་དྲན་འོང་།