《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年02月22日

འདི་གར་ལོ་གསར་གྱི་རྣམ་པ་ཧ་ཅང་ཟབ།

ཟླ་2ཚེས་16ཉིན། ཧྲའན་ཤིས་ཨན་ཁང་ནས་ཡོང་བའི་ཡུལ་སྐོར་བ་ཁྲའོ་མིན་གྱིས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཆང་ཁྱིམ་གྲོང་ཚོར་ཡུལ་མིས་བཀྱག་པའི་ཆང་ཕོར་ལེན་བཞིན“འདི་གར་ལོ་གསར་གྱི་རྣམ་པ་ཧ་ཅང་ཟབ་པོ་འདུག”ཅེས་འཛུམ་མདངས་དང་བཅས་རང་གི་མྱོང་ཚོར་བརྗོད། “ནས་ཆང་གི་ཕ་ཡུལ”ཞེས་འབོད་པའི་གྲོང་ཚོ་དེ་ལ་ཉིན་དེར་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་30ལྷག་ཙམ་དང་ཡུལ་མི་ཚོ་མཉམ་དུ་འཛོམས་ཡོད།

བྱེད་སྒོ་སྤེལ་འགོ་ཚུགས་མ་ཐག་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་པའི་ཡུལ་མི་ཚོས་གྲོང་མདོར་བང་བསྒྲིགས་ནས་བསྡད་པ་དང་གཙང་ལ་གྲལ་འགྲིག་པའི་སྲང་ལམ་དུ་ལྒང་ཞུ་མཐོན་པོར་བཀལ་ནས་ལོ་གསར་གྱི་རྣམ་པས་ཁེངས་ཡོད།

“ལོ་གསར་བཀྲ་ཤིས་བདེ་ལེགས”ཞེས་ཕན་ཚུན་ལོ་གསར་གྱི་མཚམས་འདྲི་ཞུ་རེས་བྱས་པ་ལས་ས་མཐོར་འབྱོར་མ་ཐག་པའི་ཡུལ་སྐོར་བ་ཚོའི་འགྲུལ་བཞུད་ཀྱི་ངལ་དུབ་སངས། གྲོང་ཚོ“ཨུ་ལྷན་གཉིས”དང་། (པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) གྲོང་སྡོད་ལས་དོན་རུ་ཁག ཡུལ་མིའི་འཐུས་མི་བཅས་ཀྱིས་སྲོལ་རྒྱུན་གྱི་གུས་ལུགས་ལྟར་ཡུལ་སྐོར་བ་ཚོར་དཀར་གཙང་གི་ཁ་བཏགས་གཡོགས་པ་དང་ལོ་གསར་གྱི་སྨོན་འདུན་མཚོན་པའི“ཕྱེ་མར”བཀྱག་པ་དང་སྦྲགས་དཀར་མོ་ནས་ཀྱི་མཆོད་ཆང་ཡང་བཀྱག་ནས་ཡུལ་སྐོར་བ་ཚོས“ནས་ཆང་གི་ཕ་ཡུལ”གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འགུག་ཤུགས་ཚོར་བར་བྱས།

ཡུལ་སྐོར་བར་བསུ་བ་ཞུས་རྗེས། ཕུན་སུམ་ཚོགས་པའི་ཉིན་རེའི་ལས་རིམ་འགོ་བཙུགས། ཡུལ་སྐོར་བ་ཚོས་ཐུན་མིན་གྱི་ཉམས་འགྱུར་ལྡན་པའི་བོད་བཟོའི་དམངས་སྲོལ་གནས་ཚང་དུ་བསྐྱོད་དེ་གྲོང་གསེབ་ཀྱི་སྣང་བ་སྐྱིད་པའི་འཚོ་བར་རོལ་བ་མ་ཟད། ད་དུང་སྲོལ་རྒྱུན་གྱི་དམངས་སྲོལ་རོལ་རྩེད་ནང་ཞུགས། ཉིན་དེའི་ནང་དོན་གཙོ་བོ་ཡིན་པའི་ངོས་ནས་ཡུལ་སྐོར་བ་ཚོ་ལོ་400ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཆང་ཁྱིམ་གཞིས་ཀར་ཡོང་སྟེ་གསལ་འགྲེལ་བའི་སྣེ་ཁྲིད་འོག་ས་གནས་དེ་གའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཉམས་སུ་མྱངས་བ་དང་འབྲེལ་གྲོང་ཚོའི་རིག་རྩལ་རུ་ཁག་གིས་འཁྲབ་སྟོན་བྱས་པའི་གདོད་མའི་གླུ་གར་ལ་བལྟས། དགའ་སྤྲོ་འཁོལ་བའི་གླུ་སྒྲའི་ཁྲོད་ཡུལ་སྐོར་བ་དང་གྲོང་མི་ཚོ་ལག་པ་བཏང་ནས་མཉམ་དུ་ཞབས་བྲོ་འཁྲབ་པས་གྲོང་ཚོ་ཡོངས་སུ་དགའ་སྤྲོའི་རྣམ་པས་ཁེངས།

ས་རུབ་ཁར་ཡུལ་སྐོར་བ་ཚོ་ཐབ་ཀྱི་འཁྲིས་སུ་བསྡད་དེ་གྲོང་མི་ཚོས་བཤད་པའི“དགུ་ཐུག”གི་སྐོར་ཉན་བཞིན་གྲོང་མི་ཚོ་དང་མཉམ་དུ་བོད་ཀྱི་ལོ་གསར་གྱི་ཁྱད་ལྡན“དགུ་ཐུག”ལ་རོལ།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་སུ“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་འབྲེལ་ཡོད་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་བྱས་པ་དང་བསྟུན་ནས“ལོ་གསར་གཏོང་སྲོལ་མྱོང་རོལ་བྱེད”ཅེས་པ་བོད་ཀྱི་ཡུལ་སྐོར་ཁྲོམ་རའི་བཀྲག་མདངས་འཚེར་ས་ཞིག་ཏུ་རིམ་བཞིན་གྱུར་ཡོད། “ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ”དང“ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ”ཀྱི་མཚན་སྙན་ཐོབ་པའི་ཆང་ཁྱིམ་གྲོང་ཚོས་ཆང་གི་རིག་གནས་དང་ཆང་ཁྱིམ་གཞིས་ཀ་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས་གྲོང་གསེབ་རིག་གནས་ཡུལ་སྐོར་བཅས་གསུམ་པོ་མཉམ་འདྲེས་ཟམ་མི་ཆད་པར་ཟབ་ཏུ་བཏང་ཡོད།

“ད་ཐེངས་ཀྱི་བྱེད་སྒོས་དམངས་སྲོལ་འབྲེལ་ཐག་ཏུ་བྱས་པའི་དམིགས་ཡུལ་ནི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱེད་པ་དང་ཆབས་ཅིག འཕྱོངས་རྒྱས་རྫོང་གི་དགུན་དུས་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་སྔར་བས་འཕེལ་ཆེད་ཡིན”ཞེས་འཕྱོངས་རྒྱས་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་བསྟན་འཛིན་སྒྲོལ་མས་བརྗོད་པ་དང་། འབྱུང་འགྱུར་ས་གནས་དེ་གའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ་དམིགས་བསལ་ཁྱད་ཆོས་ལྡན་པའི་དམངས་སྲོལ་ཡུལ་སྐོར་གྱི་སྤུས་རྟགས་བཏོད་ནས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པར”དགའ་པོ་བྱེད་མཁན་མང་བ་དང་དྲོ་སྐྱིད་སྔར་བས་ལྡན་པར་བྱས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་བརྟེན་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

(བདེ་སྐྱིད་དང་ཚེ་ལྷས་སྒྱུར་ཞུས་བྱས)