འདི་ག་ཚགས་པར་ཁང་དུ་སྤུ་ཧྲེང་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཞི་བདེ་གྲོང་ཚོས་སྤུ་ཧྲེང་ཞི་བདེའི་ཁོའོ་ཡོན་ཏི་བཟའ་བཅའ་ཚད་ཡོད་ཀུང་སིའི་ནས་དཀར་གྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་འཕེལ་རྒྱས་ལ་བརྟེན་ནས་མི་དམངས་འབབ་འཕར་ཕྱུག་འགྱུར་གྱི་རྒྱུགས་ལན་གསར་པ་ཕུལ་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། 2025ལོར་ཞི་བདེ་གྲོང་ཚོའི་རྨོ་ཞིང་མུའུ་1162ལ་ནས་དཀར་རྒྱ་ཁྱོན་མུའུ་1060བཏབ་པ་དེས་བསྡུར་ཚད་91%བཟུང་བ་དང་། སྤྱིའི་ཐོན་ཚད་རྒྱ་མ་ཁྲི་66.25ཙམ་ཟིན་པ་དང་ཆ་སྙོམས་མུའུ་རེའི་ཐོན་ཚད་རྒྱ་མ་625ཟིན་གྱི་ཡོད་པ་རེད། ས་གནས་དེ་གའི་ནས་དཀར་ལ“ཐུན་མིན་གནམ་གཤིས་ཀྱི་སྤུས་ལེགས་ཐོན་རྫས”ཞེས་པའི་གདེང་འཇོག་བཟང་པོ་ཐོབ་པ་མ་ཟད། ད་དུང་ལྗང་མདོག་བཟའ་བཅའི་Aརིམ་པའི་ཁས་ལེན་དཔང་འདོན་ཐོབ་ཡོད། སྤུ་ཧྲེང་ཞི་བདེ་རྩམ་པ་དཀར་པོར“རྒྱལ་ཁབ་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས”ཀྱི་མཚན་སྙན་ཐོབ་ཡོད། 2025ལོར་ཀུང་སི་དེས་རྒྱ་མ་རེར་སྒོར་2.5ཡི་རིན་གོང་འགན་ལེན་ལྟར་ནས་དཀར་རྒྱ་མ་ཁྲི་20ཉོ་སྒྲུབ་བྱས་ནས་གྲོང་མི་ཚོར་ཐད་ཀར་ནས་ཀྱི་རིན་པ་སྒོར་ཁྲི་50སྤྲད་པས་འདེབས་འཛུགས་དུད་ཚང་གི་ཕྱིར་ཚོང་སེམས་ཁྲལ་བསལ་ཡོད།
ཀུང་སི་དེ་ནི་2002ལོར་བཙུགས་པའི་ཞི་བདེ་གྲོང་ཚོའི་སྣུམ་དང་རྩམ་པ་ལས་སྣོན་བཟོ་གྲྭ་རྨང་གཞིར་བྱས་ནས་བཙུགས་པ་ཞིག་ཡིན་པ་དང་ཐོག་མར་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག་སྒོར་ཁྲི་270བཏང་ནས་བཟོ་ཁང་དང་ཆུ་འཐག་སོགས་རྨང་གཞིའི་སྒྲིག་བཀོད་བསྐྲུན་ཡོད། ད་ཆ་ཀུང་སི་དེས་ལག་རྩལ་པ་དང་ཆུ་འཐག་གཉེར་པ་སོགས་ཀྱི་ལས་གནས་བཀོད་སྒྲིག་བྱས་པ་བརྒྱུད་གྲོང་མི་ཐག་ཉེ་སར་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས་པ་དང་ཉིན་རེའི་གླ་ཆ་སྒོར་120ནས་200བར་སྤྲོད་ཀྱི་ཡོད་པ་རེད། 2025ལོར་མང་ཚོགས་དུད་ཚང་138ལ་ཁེ་སྤོགས་སྒོར་ཁྲི་8.12བགོས་ནས་གྲོང་མིར་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱས་ཡོད།
“འདེབས་འཛུགས་དང་། ཉོ་ཚོང་། ལས་སྣོན། ཕྱིར་ཚོང”བཅས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོས་ཞི་བདེ་གྲོང་ཚོའི་ས་གཙང་ཐོན་ཁུངས་དེ་འབབ་འཕར་གྱི་སྒུལ་ཤུགས་སུ་བསྒྱུར་ནས་གྲོང་མི་ཚོར་ས་ཞིང་བརྒྱུད་བཤུག་དང་འདེབས་འཛུགས་ཡོང་འབབ་ཐོབ་པ་མ་ཟད། ལས་སྣོན་ལྷུ་ཚིགས་སུ་ཞུགས་ནས་ངལ་རྩོལ་གླ་ཆ་རག་པ་དང་ལོ་འཁོར་གྱི་ཁེ་སྤོགས་བསྣན་པ་ལས་ཁྱིམ་ཚང་ཚང་མའི་ཆ་སྙོམས་ཡོང་འབབ་ཀྱང་མངོན་གསལ་དོད་པོས་འཕར་ཐུབ་པ་བྱུང་ཡོད།