འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། “སྔོན་མ་དངུལ་ལེན་དགོས་ན་བར་ཐག་སྤྱི་ལེ་བཅུ་ཕྲག་སར་ཡོད་པའི་གྲོང་རྡལ་དུ་འགྲོ་དགོས་ཀྱི་ཡོད། ད་ཆ་གྲོང་ཚོའི་ཙག་ཙིག་ཚོང་ཁང་ནས་ཅ་ལག་ཉོ་བའི་ཞོར་དུ་དངུལ་ཡང་ལེན་ཐུབ་པས་སྟབས་བདེ་པོ་འདུག”ཅེས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་ས་མཚམས་གྲོང་ཚོའི་འབྲོག་པ་རྡོ་རྗེས་དགའ་སྤྲོའི་ངང་བཤད།
ཕུ་མ་བྱང་ཐང་ཤང་གི་ས་བབ་སྨི་5373ཟིན་ཞིང་། རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་ཤང་ཞིག་ཡིན་པས། དངུལ་རྩའི་ཞབས་ཞུའི་ལས་དོན་ཡུན་རིང་སྤེལ་ཐུབ་མེད། དེང་རབས་གཏོང་སྤྲོད་ཞབས་ཞུ་ཤང་དེར་སྤེལ་ཐུབ་ཆེད། མི་དམངས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གིས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིར་མཛུབ་ཁྲིད་བྱས་ཏེ“སྣ་འདུས་ཐབས་བཟང”གི་ཞབས་ཞུའི་ལས་དོན་སྤེལ་བ་སྟེ། “དངུལ་ཁང་ས་ཚིགས”གྲོང་ཚོར་བཙུགས་པ་མ་ཟད། གྲོང་ཚོའི་དམངས་ཕན་ཚོང་ཁང་དང་མཉམ་ལས་ཁང་སོགས་ལའང་ཞིང་སྐྱོར་དངུལ་ལེན་ཞབས་ཞུའི་ས་ཚིགས་བཙུགས་ཏེ་POSའཕྲུལ་ཆས་སོགས་སྒྲིག་སྦྱོར་བྱས་ནས་ཞིང་འབྲོག་པ་ཚོས་གྲོང་ཚོ་ནས་དངུལ་ལེན་པ་དང་དངུལ་བསྐུར་ཐུབ་པ་བྱས་ཡོད།
མིག་སྔའི་བར། དངུལ་ཁང་སྒྲིག་གཞིས་ཕུ་མ་བྱང་ཐང་ཤང་གི་སྲིད་འཛིན་གྲོང་ཚོ་6ལ་དངུལ་ལེན་ས་བཙུགས་ནས་སྐོར་སྐྱོད་ཞབས་ཞུའི་རླངས་འཁོར་དང་དེ་བཞིན“3+2”ཀྱི་སྐོར་སྐྱོད་ཞབས་ཞུའི་བྱེད་ཐབས་ལ་བརྟེན་ནས་ལས་སྒོ་གཉེར་ཡོད།
ད་ཆ། ལྷོ་ཁ་གྲོང་ཁྱེར་དུ་དངོས་ལྡན་ལས་ཚུགས་ཀྱིས་རྨང་གཞི་བྱེད་པ་དང་། ཞིང་སྐྱོར་དངུལ་ལེན་ཞབས་ཞུའི་ས་ཚིགས་སྣུར་སྲིང་། སྒུལ་བདེའི་གཏོང་སྤྲོད་ཀྱིས་ཁ་གསབ་སྤྲོད་པ་བཅས་ཀྱི་ཕྱོགས་བསྡུས་ཅན་གྱི་ཞིང་འབྲོག་ཁུལ་གྱི་གཏོང་སྤྲོད་ཞབས་ཞུའི་མ་ལག་ཡོད་ཅིང་། 2025ལོའི་ཟླ་བཅུ་པའི་ཟླ་མཇུག་བར་ལྷོ་ཁ་གྲོང་ཁྱེར་ལ་ཞིང་སྐྱོར་དངུལ་ལེན་ཞབས་ཞུའི་ས་ཚིཌ་ཁྱོན་615(དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་15ཚུད་པ)ཡོད་པ་རེད།