《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年02月20日

ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་འཕེལ་རྒྱས་ཀྱི་ སྒུལ་ཤུགས་འཕེལ་བར་བྱས་པ།

—— རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་རམ་འདེགས་བྱས་པ།

2025ལོ་ཚུན་དུ། རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས“སྐྱོན་བྲལ་གཉིས”ཀྱི་ལས་ཀའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་འབྲེལ་ཟམ་དང་ལས་རོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་དང་། དཔལ་འབྱོར་ཞབས་ཞུ་གསར་གཏོད། ཚོང་གཉེར་ཁོར་ཡུག་ལེགས་གཏོང་། རྩ་འཛུགས་ཀྱི་རྨང་གཞི་བརྟན་གཏོང་བཅས་ཕྱོགས་བཞིའི་ཐད་ནས་གནད་སྨིན་ཤུགས་འདོན་བྱས་ཏེ། བོད་ཀྱི་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ནས་སྲིད་གཞུང་དང་ཁེ་ལས་བློ་གཅིག་སེམས་གཅིག་དང་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་གྱི་ལེའུ་གསར་པ་བརྩམས་ཡོད།

དཔལ་འབྱོར་ཞབས་ཞུ་གསར་གཏོད་ལ་དམིགས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བར་བྱས་པ།

ཁེ་ལས་འཕེལ་རྒྱས་ཀྱི་དཀའ་གནད་ལ་དམིགས་ནས་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞབས་ཞུའི་བྱ་ཐབས་གསར་གཏོད་བྱས་ཏེ་སྲིད་ཇུས་ཀྱི་ཁེ་སྤོགས་ཐད་ཀར་ལོངས་སུ་སྤྱོད་ཐུབ་པའི་འགན་ལེན་བྱས་ཡོད། 2025ལོར《དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཕྱོགས་སྒྲིག》སོགས་དཔྱད་ཡིག་400ལྷག་ཙམ་རྩོམ་སྒྲིག་དང་འགྲེམས་སྤེལ་བྱས་པ་དང་། སྐད་འཕྲིན་ལས་དོན་ཚོགས་པ་སོགས་དྲ་ཐོག་གི་ཐབས་ལམ་ལ་བརྟེན་ནས་ནོར་སྲིད་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་ལ་རྒྱབ་སྐྱོར་བྱེད་པའི“བྱ་ཐབས་བཅུ་གཉིས”སོགས་སྲིད་ཇུས་གསར་ཤོས་དུས་ཐོག་ཏུ་འོས་སྦྱོར་བྱས་ནས་ཁེ་ལས་ཀྱིས“སྲིད་ཇུས་ཤེས་རྟོགས་དང་སྲིད་ཇུས་བེད་སྤྱོད”ཐུབ་པར་རམ་འདེགས་བྱས་ཡོད། དངུལ་རྩའི་སྒྲིག་གཞི་དང་མཉམ་འབྲེལ་བྱས་ཏེ“ཁེ་ལས་སྟོང་དུད་ཚང་ཁྲི་ལ་འཚམས་འདྲིར་སྐྱོད་པའི”བྱེད་སྒོ་སྤེལ་ནས“ཁེ་ལས་རེ་ལ་ཐབས་ཇུས་རེའི”སྦྲེལ་མཐུད་ཞབས་ཞུ་མཁོ་འདོན་བྱས་ཡོད། སྦྲག་སྲིད་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་སྟེ་རྒྱུན་རྣམ་ཅན་གྱི་མ་དངུལ་བསྡུ་སྒྲིལ་གྱི་སྦྲེལ་མཐུད་ལམ་སྲོལ་བཙུགས་པ་རེད།

གཞན་ཡང་། རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་དུང་ལྗོངས་ཕྱི་ནང་དང་མཉམ་ལས་འབྲེལ་ཟམ་ཧུར་ཐག་བཙུགས་ཏེ། ཁེ་ལས་མཁས་ཅན་པེ་ཅིང་དུ་རྟོག་ཞིབ་དང་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུར་མངགས་པ་དང་། ཚོང་ཚོགས་དང་མཐུན་ཚོགས་15ཡི་སྣེ་ཁྲིད་དེ་མཚོ་སྔོན་རྨ་ལྷོ་ཀྲོའུ་དང་འབྲེལ་མཐུད་བྱས་ནས་ཚོང་འགུགས་མ་འདྲེན་བྱས་ཏེ་ཁེ་ལས་3དང་མཉམ་ལས་ཀྱི་འདོད་མཐུན་གྲུབ་པར་སྐུལ་འདེད་བཏང་ཡོད། ཁྱད་ལྡན་ཁེ་ལས་16ཨའོ་མོན་རྒྱལ་སྤྱིའི་ཚོང་དོན་འགྲེམས་ཚོགས་ལ་ཞུགས་རྒྱུའི་སྒྲིག་འཛུགས་བྱས་པ་དང་ཁེ་ལས་མཁས་ཅན་7བདམས་ནས་འཛམ་གླིང་གི་ཀྲུང་གོའི་ཚོང་པའི་ཚོགས་ཆེན་ལ་མངགས་ཏེ་ས་གནས་དེ་གའི་སྤུས་རྟགས་ལ་བརྟེན་ནས་རྒྱལ་སྤྱིའི་ཁྲོམ་ར་རྒྱ་སྐྱེད་གཏོང་བར་རམ་འདེགས་བཅས་བྱས་ཡོད།

ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་སྟེ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་དུ་བཏང་བ།

སྲིད་གཞུང་དང་ཚོང་པའི་དབར་ཉེ་གཙང་གི་འབྲེལ་བ་འཛུགས་རྒྱུ་དམིགས་ཚད་དུ་བཟུང་སྟེ་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྲིད་གཞུང་དང་ཁེ་ལས་དབར་འབྲེལ་མཐུད་མཐུན་སྦྱོར་གྱི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ་འགོ་ཁྲིད་ཚན་ཁག་དང་དམངས་གཉེར་ཁེ་ལས་མཁས་ཅན་གྲོགས་པོ་སྒྲིག་པའི་ལམ་ལུགས་བཟོས་པ་དང་། དུས་བཀག་ལྟར་སྲིད་གཞུང་དང་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཁེ་ལས་ཀྱི་གནད་དོན་དོ་དམ་ཡག་པོ་ཐུབ་པར་སྐུལ་འདེད་བཏང་ཡོད། དམངས་གཉེར་ཁེ་ལས“2025ལོར་དམངས་གཉེར་ཁེ་ལས་ཁྲི་ཡིས་ཚོང་གཉེར་ཁོར་ཡུག་ལ་གདེང་འཇོག་བྱེད་པའི”བརྟག་ཞིབ་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་གདེང་འཇོག་གྲངས་གཞིའི་དབྱེ་ཞིབ་སྙན་ཞུ་ཕུལ་ཡོད། དུས་ཚིགས་རེ་ལ་ཚོང་གཉེར་ཁོར་ཡུག་ལ་གདེང་འཇོག་བྱས་པ་དང་། དམངས་གཉེར་དཔལ་འབྱོར་མི་སྣ་2ཚོང་གཉེར་ཁོར་ཡུག་གི་ལྟ་སྐུལ་པར་འོས་སྦྱོར་བྱས་ནས་ཁེ་ལས་ཀྱི་བསམ་འཆར་ལ་ལན་སྤྲོད་པའི་ཐབས་ལམ་ཤར་གཏོང་བྱས་ཡོད།

ཁྲིམས་སྐྱོང་ཞབས་ཞུའི་ཐད་བཅའ་ཁྲིམས་ཀྱི་ཉེན་ཟོན་ལག་དེབ་སྤྲོད་པ་དང་། སྲིད་ཇུས་གསལ་འགྲེལ་ཚོགས་འདུ་དང་ཁྲིམས་སྐྱོང་འཆད་ཁྲིད་ཆེ་མོ་གཉེར་བ།“ཁྲིམས་སྐྱོང་གི་བརྟག་དཔྱད”དང“ཁེ་ལས་སུ་ཁྲིམས་ལུགས་ཁྱབ་གདལ་གཏོང་བ”སོགས་ཀྱི་བྱེད་སྒོ་སྤེལ་ནས་ཁེ་ལས་ལ་གཉེར་སྐྱོང་དོ་དམ་ཁྲོད་ཀྱི་བཅའ་ཁྲིམས་ཀྱི་ཉེན་ཁ་དང་སྐྱོན་ཆ་གྲལ་བཤེར་བྱེད་རོགས་བྱས་ནས་ཁེ་ལས་ཀྱི་སྒྲིག་སྲོལ་དང་མཐུན་པའི་དོ་དམ་འདུ་ཤེས་ཟབ་ཏུ་དང་སྒྲིག་སྲོལ་དང་མཐུན་པའི་དོ་དམ་གྱི་ཆུ་ཚད་མཐོ་རུ་བཏང་ཡོད།

རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བར་ཤུགས་བརྒྱབ་ནས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་སྒྲུབ་ནུས་ཕྱོད་ཆེ་རུ་བཏང་བ།

རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས《བོད་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ལས་འགན་གསལ་ཐོ》བཟོས་ཏེ་ཕྱོགས་ཆེན་པོ་7གྱི་གཙོ་གནད་ལས་འགན་ཁག་30ཁ་གསལ་བཟོས་ནས་བོད་ལྗོངས་སི་ཁྲོན་ཚོང་ཚོགས་དང་ཀྲེ་ཅང་ཚོང་ཚོགས་སོགས་སྤྱི་ཚོགས་རྩ་འཛུགས་སྒྱུར་བཅོས་ཀྱི་ཚོད་ལྟའི་ཚན་པ་ཁག་དང་པོར་བཅུག་ཡོད། ཚོང་ཚོགས་དང་མཐུན་ཚོགས་ཀྱི་དྲུང་ཆེ་ལས་རིགས་ཅན་གྱི་ལས་དོན་ལ་ཚོད་ལྟའི་ངང་སྐུལ་འདེད་བཏང་བ་དང་། ཆ་རྐྱེན་འཛོམས་པའི་ཚོང་ཚོགས་ཀྱི་ལས་རིགས་ཅན་མིན་པའི་དྲུང་ཆེ་རིམ་བཞིན་ཕྱིར་འཐེན་བྱ་རྒྱུར་སྐུལ་འདེད་བཏང་བ། རྩ་འཛུགས་མ་ལག་ཚད་ལྡན་ཅན་དང་། ལམ་ལུགས་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད།

2025ལོའི་ཟླ་12པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་གཉེར་སྐྱོང་བྱེད་པོ་དུད་ཚང་ཁྲི་61.57ཟིན་པ་དེ་དུས་མཚུངས་ལས་10.54%འཕར་ཡོད། དེའི་ཁྲོད་ཁེ་ལས་ཁྲི་15.51ཟིན་པ་དེ་དུས་མཚུངས་ལས་10.14%འཕར་བ་དང་། སྒེར་གཉེར་བཟོ་ཚོང་དུད་ཚང་ཁྲི་44.90ཟིན་པ་དེ་དུས་མཚུངས་ལས་11.00%འཕར་བ། ཞིང་པའི་ཆེད་ལས་མཉམ་ལས་ཁང་ཁྲི་1.16ཟིན་པ་དེ་དུས་མཚུངས་ལས་0.57%ཉུང་དུ་ཕྱིན་ཡོད། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དུད་ཚང་ཁྲི་60.02ཟིན་པ་དེ་དུས་མཚུངས་ལས་10.14%འཕར་ནས་ལྗོངས་ཡོངས་ཀྱི་གཉེར་སྐྱོང་བྱེད་པོའི་97.48%བཟུང་ཡོད།

(བསྟན་འཛིན་བློ་གྲོས་ཀྱིས་བསྒྱུར། བསྟན་བློ་དང་སྒྲོན་ལགས་ཀྱིས་ཞུས)