《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年02月20日

ལས་བྲེལ་ཁྲོད་དྲོ་སྐྱིད་སྦྱིན་བཞིན་ཡོད།

ཟླ་2ཚེས་17ཉིན་གྱི་ཞོགས་པའི་ཆུ་ཚོད་བརྒྱད་པར། ཉི་གཞོན་ཐོག་མ་ཤར་རིའི་རྩེ་ནས་ཡོངས་སུ་མ་ཤར་གོང་། སྦྲག་པ་རིག་འཛིན་ཆོས་མཚོས་དགུན་གྱི་གྲང་ངར་ཁྲོད་མཛོ་སྒང་རྫོང་སྦྲག་སྲིད་ཡན་ལག་ཀུང་སིའི་མཛོད་ཁང་དུ་བསྐྱོད།

བསྐུར་མ་བརྒྱ་ཙམ་སྤུངས་ཡོད་པ་དེ་ནི་རི་ཆུང་ཞིག་དང་མཚུངས། ཁོང་གིས་ལག་གཉིས་འཕུར་ཙམ་བྱས་ཏེ་ཉིན་གཅིག་གི་ལས་ཀ་བྱེད་འགོ་བཙུཌ། འདི་ནི་ཁོང་གིས་སྦྲག་སྲིད་ལམ་བུར་བཏང་བའི་ལོ་གསར་ཐེངས་གསུམ་པ་དེ་ཡིན་པ་རེད།

2016ལོར་ལས་ཀར་ཞུགས་ཙམ་ལ། རིག་འཛིན་ཆོས་མཚོ་ནང་ཁུལ་གྱི་ལས་ཀ་ཙག་ཙིག་བྱས་ནས་སྡོད་ཆོག་པས། དྲག་ཆར་རླུང་འཚུབ་ཁྲོད་ཕྱིར་སྐྱོད་མི་དགོས་ལ་ལས་ཟོས་ཀྱང་ཧ་ཅང་ཡང་པོ་ཡོད། འོན་ཀྱང་། ལོ་འགའ་ཤས་རྗེས་ཁོང་གིས་ཕྱིར་བསྐུར་མ་སྐྱེལ་བར་འགྲོ་རྒྱུའི་རེ་ཞུ་ཕུལ།

ཚང་མས་ཁོང་ལ་ལས་ཀ་དེ་དཀའ་ལས་ཁག་པོ་ཡོད་ལུགས་བཤད་རུང་། ཁོང་གིས་བསྐུར་མ་ཚང་མ་འཁོར་གསུམ་རྐང་འཁོར་ནང་དབོར་ནས“ངས་ལས་ཀ་དེ་སྒྲུབ་ཐུབ་ཀྱི་རེད་སྙམ་གྱི་འདུག”ཅེས་འཛུམ་དམུལ་དམུལ་ངང་བཤད།

ད་བར་ཁོང་ལས་ཀ་འདི་བྱས་ནས་ལོ་གསུམ་ཏག་ཏག་སོང་ཡོད། འགྲོ་ལམ་ཁག་གཅིག་གུ་དོག་པས་འཁོར་གསུམ་རྐང་འཁོར་ཐར་ཙམ་ལས་མེད། དགུན་ཁར་ལམ་ངོས་སུ་འཁྱགས་པ་ཐེབས་ནས་རྐང་འཁོར་འདྲེད་བརྡར་ཤོར་སླ་པོ་ཡོད།

(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད)

ཁོང་གིས“དང་ཐོག་དངོས་འབྲེལ་དཀའ་ངལ་མང་པོ་འཕྲད་བྱུང་། མཚམས་རེ་ལམ་མ་རྙེད་སྐབས་ཁྱིས་འདེད་མྱོང་ལ་སྐབས་འགར་ལམ་ཕྱེད་ཀ་ནས་རྐང་འཁོར་འཕྲོ་བརླག་ཕྱིན་ཏེ་ཁྲིད་འགྲོ་དགོས་པས་ངུ་མྱོང་ཡོད། འོན་ཀྱང་ངུས་ཚར་རྗེས་མུ་མཐུད་ཐུམ་སྒྲིལ་སྐྱེལ་བར་འགྲོ་དགོས་ཀྱི་ཡོད”ཅེས་བཤད།

ད་ཆ་ཁོང་གིས་སྒོ་ར་གང་གི་ནང་དུད་ཚང་ག་ཚོད་ཡོད་མེད་དང་། ལམ་གང་ཐག་ཉེ་མིན། སུའི་ཁྱིམ་གྱི་རྒན་རྒོན་འགྲོ་སྐྱོད་སྟབས་བདེ་མེད་པས་བསྐུར་མ་སྒོ་རྩར་སྐྱེལ་དགོས་པ་སོགས་ཤེས་ཀྱི་ཡོད་པས་ས་ཁོངས་དེར་རྒྱུས་མངའ་ཆེན་པོ་ཡོད།

རིག་འཛིན་ཆོས་མཚོའི་ལས་ཀའི་རེའུ་མིག་ཧ་ཅང་སྟབས་བདེ་ཡིན་ཞིང་། ལོ་གཅིག་ཟླ་བ་12ཞག་མ་365ཚང་མ་ལས་ཀའི་ཉིན་མོ་རེད།

“ང་ཚོའི་ལས་ཀ་འདི་དུས་ཆེན་དང་གུང་གསེང་སྐབས་དེ་བས་བྲེལ་འཚུབ་ཆེན་པོ་ཡོད། ལས་འགན་གསལ་ཐོར་རྩིས་རྒྱག་གིན་དེ་རིང་ཐུམ་སྒྲིལ་100ལྷག་ཙམ་ལས་སྐྱེལ་དགོས་མེད་པས་མང་པོ་མི་འདུག”ཅེས་བཤད།

ཁྱིམ་གྱི་གནས་ཚུལ་སྐོར་འདྲི་སྐབས་ཁོང་གིས“ཕྲུ་གུ་ལྷ་སར་རྒན་རྒོན་གྱིས་ལྟ་རྟོག་བྱེད་རོགས་བྱེད་པ་དང་། བཟའ་ཟླ་ཆབ་མདོ་གྲོང་ཁྱེར་དུ་ལས་ཀ་བྱེད་ཀྱི་ཡོད། ནང་མི་གསུམ་པོ་ས་ཆ་ཁག་གསུམ་དུ་སྡོད་ཀྱི་ཡོད་པས་དུས་རྒྱུན་བརྙན་ལམ་ནས་ཁོང་ཚོ་དང་སྐད་ཆ་ཤོད་རྒྱུ་ལས་མ་འདས། ལོ་གསར་གཏོང་སྐབས་ང་ཚོ་ནང་མི་ཚང་མ་དེ་བས་འཛོམས་ཁག་པོ་རེད”ཅེས་བཤད།

“ཕྲུ་གུ་དྲན་གྱི་འདུག་གམ”ཞེས་དྲིས།

“ཧ་ཅང་དྲན་པོ་འདུག ཡིན་ནའང་ལས་རིགས་འདི་གདམ་ག་བྱས་པས་ཐབས་ཤེས་མེད། གལ་སྲིད་ངས་ངལ་གསོ་བརྒྱབ་ཚེ་ཐུམ་སྒྲིལ་དེ་དག་སུས་སྐྱེལ་གྱི་རེད་དམ། དེའི་ནང་ཁག་གཅིག་རྒན་རྒོན་གྱི་སྨན་དང་ཁག་གཅིག་ཕྱིར་ལས་ཀ་བྱེད་མཁན་ཚོས་ཁྱིམ་ལ་བསྐུར་བའི་ལོ་གསར་གྱི་མཁོ་ཆས་ཤ་སྟག་ཡིན་པས་སྐྱེལ་བར་མ་ཕྱིན་ན་སེམས་ཀྱིས་བཟོད་ཀྱི་མི་འདུག”ཅེས་བཤད།

ཐུམ་སྒྲིལ་དེ་དག་དུས་ཐོག་ཏུ་སྐྱེལ་བར་སྐྱོད་རྒྱུ་ནི་གཞི་རིམ་གྱི་སྦྲག་སྲིད་མི་སྣའི་ལས་སྒྲུབ་ཆོས་ཉིད་རེད། ལས་མི་དཀྱུས་མ་རིག་འཛིན་ཆོས་མཚོས་ཉིན་གཅིག་ལ་བལྟས་པ་བཞིན་རང་འཁྲིའི་ལས་འགན་ཧུར་ཐག་བསྒྲུབས་ནས་དང་ཐོག་མའི་དམ་བཅའ་ལག་ལེན་བསྟར་བཞིན་མཆིས།

ས་རུབ་དུས་གཞི་ནས་ཐུམ་སྒྲིལ་མཐའ་མ་དེ་བསྐྱལ་ཚར་བ་དང་རིག་འཛིན་ཆོས་མཚོ་སླར་ཡང་ཀུང་སིར་ལོག་ནས་ཉིན་དེའི་འཛིན་ཤོག་ལེགས་སྒྲིག་དང་སང་ཉིན་གྱི་ལས་ཀའི་གྲ་སྒྲིག་ལ་བྲེལ།

ཁྱིམ་ཚང་ཚང་མའི་སྒེའུ་ཁུང་ལས་གློག་འོད་རབ་ཏུ་འཕྲོ་བ་དང་ཤོག་སྦག་གི་སྒྲ་བར་མེད་གྲགས་འོང་།

ཁོང་གིས་ལག་ཐོགས་ཁ་པར་ནས་ཕྲུ་གུར་བརྙན་ལམ་ཁ་པར་བཏང་། ཕྲུ་གུས“ཨ་མ་ལགས་ག་དུས་ལོག་ཕེབས་ཀྱི་ཡིན་ནམ”ཞེས་དྲིས། ཁོང་གིས་དགོད་འཚེར་འཚེར་ངང“མགྱོགས་པོ་ལོག་ཡོང་གི་ཡིན”ཞེས་ཤོད་ཀྱིན་མིག་གཉིས་མཆི་ཞག་གིས་ཁེངས།

རིག་འཛིན་ཆོས་མཚོ་ནི་ངལ་རྩོལ་པ་དཀྱུས་མ་ཡིན་པ་དང་། ཁོང་གིས་ཁོང་དང་འདྲ་བའི་མི་མང་པོས་ས་མཐོའི་སྦྲག་སྲིད་ལམ་བུར་ལོ་གཅིག་ཟླ་བ་12ཞག་མ་365ངལ་གསོ་མེད་པར་ཀྲུང་གོའི་སྦྲག་སྲིད་ཀྱི“ཀྲུང་གོའི་སྦྲག་སྲིད་ཀྱིས་འགན་འཁྲི་སྒྲུབ་ངེས་ཡིན་པའི”ཁས་ལེན་དང་དམ་བཅའ་ལག་ལེན་བསྟར་བཞིན་མཆིས།

(མཚམས་གཅོད་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)