ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་སྣེའུ་ཁྲོམ་གཞུང་ཞང་ཁྲུང་ཁུལ་ཆུང་དུ་གནས་པའི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ནི་རྒན་རྒོན་ཚོའི་ཉིན་མོའི་ངལ་གསོ་ཡུལ་ཡིན་པ་མ་ཟད། གླུ་སྒྲ་དང་། དགོད་སྒྲ། གསོན་ཤུགས་བཅས་ཀྱིས་ཁེངས་པའི“བདེ་སྐྱིད་ཀྱི་ཁྱིམ་ཚང”ཞིག་ཀྱང་རེད།
ལྟེ་གནས་སུ་སྐྱོད་སྐབས། སྨི་ངོས་གྲུ་1400ཟིན་པའི་ཁང་པའི་ནང་དྲོ་སོབ་སོབ་ཡོད་པ་མ་ཟད། དྲོ་སྐྱིད་ཀྱི་རྣམ་པ་ཞིག་ངང་གིས་འཕྱུར། ལྟེ་གནས་ཀྱིས་གསར་གཏོད་རང་བཞིན་གྱི་སྒོ་ནས“སྡེ་ཁུལ་དང་། སྡེ་ལས། ཁྱིམ་ལས། རྒན་གསོ་བཅས་ཟུང་འབྲེལ”གྱི་ཞབས་འདེགས་ཞུ་སྟངས་ཁྱབ་གདལ་བཏང་ནས་ཉིན་གུང་ངལ་གསོ་རྒྱག་ཆོག་པའི་ཉལ་ཁྲི་20ལྷག་ཙམ་བསྒྲིགས་ཡོད་པ་མ་ཟད། སྐྲ་ཁང་དང་། དྲག་སྐྱེད་སྦྱོང་བརྡར་ཁང་། སྨན་བཅོས་བདེ་སྲུང་ཁང་སོགས་བྱེད་ནུས་ཁུལ་གང་དགོས་ཅི་འཛོམས་ཡོད་པ་རེད། གཉེར་སྐྱོང་བྱས་ཚུན། རིམ་རྩིས་བརྒྱབ་ན། ཞབས་འདེགས་ཞུ་ཡུལ་མི་ཐེངས་ཁྲི་2ཟིན་ནས་ཉིན་ལྟར་ཆ་སྙོམས་རྒན་རྒོན་40ལྷག་ཙམ་ལ་ལྟ་སྐྱོང་བྱེད་ཀྱི་ཡོད་པ་རེད། ཞབས་ཞུར་བློ་ཡིད་ཚིམ་ཚད་98%ཟིན་པའི་རྒྱབ་ཏུ་བཟའ་བཏུང་ཞབས་ཞུ་དང་། སྨན་བཅོས་ཞབས་ཞུ། འཁྲུད་བཤལ་ཞབས་ཞུ་སོགས་ཕྱོགས་གང་ས་ཅི་ཐད་ཀྱི་འཚོ་བའི་ལྟ་སྐྱོང་ཡོད་པ་མ་ཟད། རྒན་རྒོན་གྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་དེ་བས་ཀྱང་ཞིབ་ཚགས་པོས་སྐོང་གི་ཡོད་པ་རེད།
གལ་ཏེ་འཚོ་བའི་ལྟ་སྐྱོང་ནི་རྩིག་རྨང་ལྟ་བུ་རེད་ཅེས་བརྗོད་ན། ཕུན་སུམ་ཚོགས་པའི་རིག་གནས་ཀྱི་བྱེད་སྒོ་ནི་རྒན་རྒོན་གྱི་བདེ་སྐྱིད་འཚོ་བའི་རྒྱན་སྤྲོས་ལྟ་བུ་རེད་ཅེས་བརྗོད་ཆོག ཉིན་ལྟར་ཞོགས་པར། ལྟེ་གནས་ཀྱི་ཐང་ཆེན་དེ་སྤྲོ་སེམས་འཁོལ་བའི་གླུ་གར་གྱི་རྒྱ་མཚོ་ལྟ་བུར་གྱུར་ཡོད།
སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་གྱི་ཞབས་འདེགས་ཞུ་རིང་། བོད་ལུམས་འཕུར་མཉེད་དང་ཧོར་མེའི་གསོ་ཐབས་སོགས་སྲོལ་རྒྱུན་གྱི་བདེ་ཐང་སྲུང་ཐབས་དང་དུས་བཀག་ནང་གཟུགས་པོར་བརྟག་དཔྱད་དང་བདེ་ཐང་འཆད་ཁྲིད་གཅིག་བྱེད་པ་དང་། མིག་ནད་དང་ཁ་སྦུག་ནད་སོགས་སྤྱི་ཕན་གྱི་འོས་འགན་སྨན་བཅོས་བྱེད་སྒོ་སྒོ་རྩར་སྤེལ་བས། རྒན་རྒོན་ཚོ་ཁྱིམ་ནས་དོན་མི་དགོས་པར་ཆེད་ལས་ཀྱི་སྨན་བཅོས་ཐུབ་ཀྱི་ཡོད། གླེང་རིན་ཡོད་པ་ཞིག་ནི། 2025ལོའི་ཟླ་9པར། ལྟེ་གནས་དེས་ར་མ་སྒང་ཁྲོམ་གཞུང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་མཉམ་དུ་སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་ཚོད་ལྟ་བྱ་ཡུལ་གྱི་སྒོ་བྱང་བཀལ་ནས་ཆེད་ལས་ཀྱི་སྨན་བཅོས་ནད་སྐྱོང་དང་དྲག་སྐྱེད་བདེ་སྲུང་ཟུང་འབྲེལ་གཏིང་ཟབ་བྱས་ཏེ་ན་བགྲེས་དང་། ཚང་སྟོང་། དབང་སྐྱོན་སོགས་གཙོ་གནད་རྒན་རྒོན་ཚོགས་སྤྱིར་བདེ་ཐང་འགོག་སྲུང་དྲ་བ་བརྟན་པོ་ཞིག་བསྐྲུན་པ་རེད།
བཟའ་བཏུང་དང་སྨན་བཅོས་ཞབས་ཞུའི་འཚོ་བའི་ལྟ་སྐྱོང་ནས་གླུ་གར་གྱི་རིག་གནས་སྟོན་མོའི་བར་དང་། གསར་བརྗེའི་སློབ་གསོའི་སྙིང་སྟོབས་ཀྱི་གསོ་བཅུད་ནས་སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་གྱི་བདེ་ཐང་སྲུང་སྐྱོང་བར། སྣེའུ་ཁུལ་གསར་གྱི་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱིས་སྲིད་ཇུས་ལ་བརྟེན་ནས་སྣེ་ཁྲིད་དང་དགོས་མཁོ་ཕྱོགས་སྟོན་དུ་བྱས་ཏེ། “རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་སྨན་བཅོས་ཐུབ་པ། རྒས་དུས་ལུས་སེམས་བདེ་བ། རྒས་དུས་བློ་སེམས་བདེ་བ”བཅས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་རེ་འདོད་རིམ་བཞིན་དོན་དངོས་སུ་གྱུར་ཏེ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་གཏོང་བར་རྒྱུན་ཆད་མེད་པར་གསོན་ཤུགས་བསྣན་ཡོད།