མལ་གྲོ་གུང་དཀར་རྫོང་ལྷ་ལུང་གྲོང་ཚོ་ནི་འབྲོག་ལས་རྐྱང་པའི་གྲོང་ཚོ་ཞིག་ཡིན་ཞིང་། ཚོགས་ཆུང་4པའི་དུད་ཚང་23གྱི་ཡུལ་མིས་ཕྱུགས་ཟོག་མགོ་གྲངས་1000ལྷག་ཙམ་ལ་བདག་སྐྱོང་བྱེད་བཞིན་ཡོད་པ་དང་། ཞོགས་པ་གྲོང་ཚོ་དེ་ནས་གཞན་དང་མི་འདྲ་བའི་སྐྱེ་སྟོབས་དང་གསོན་ཤུགས་ཤིག་མངོན་བཞིན་མཆིས།
ལོ་74ལ་སླེབས་པའི་བློ་བཟང་དར་རྒྱས་ཀྱིས་སྒོ་རའི་ནང་བློ་རྩེ་གཅིག་སྒྲིམ་གྱིས་འབྲི་གཡག་གི་སྐེ་ཐིག་འཐག་བཞིན་ཡོད་ཅིང་། ཚོས་གཞི་མི་གཅིག་པའི་སྤུན་མདོག་མཛུབ་མོའི་གསེབ་ནས་ཕར་བརྒྱུས་ཚུར་འཐེན་བྱས་ཏེ། ཁྲ་རྒྱན་འདྲ་མིན་སྣ་ཚོགས་རྒྱག་བཞིན་འདུག ཁོང་གི་བཟའ་ཟླས་འཁྲིས་སུ་ཕྱུར་བ་སྐམ་བཞིན་ཡོད་པ་དང་། དྭངས་གཙང་ལྷད་མེད་ཀྱི་ཕྱུར་བ་ཉི་འོད་འོག་ཏུ་དེ་བས་འོད་མདངས་འཚེར་བཞིན་བགྲེས་སོང་གི་ཞལ་རས་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་མཆིས། “ཁྱིམ་དུ་འབྲི་གཡག་མགོ་གྲངས་170ལྷག་ཙམ་ཡོད་པ་དེ་དག་ཚང་མ་བུ་དང་བུ་མོས་བདག་སྐྱོང་བྱེད་ཀྱི་ཡོད། ང་གཉིས་ལ་ལས་ཀ་གཞན་དག་མེད་པས། ལག་ལས་བྱས་ནས་སྡོད་ཀྱི་ཡོད” ད་ལོ་གྲོང་ཚོ་ཨུ་ལྷན་གྱིས་འབྲི་མོ་7སྤྲད་དེ་ཚང་མའི་སྣེ་ཁྲིད་ནས་གྲོང་ཚོའི་མཉམ་སྡེབ་ཀྱི་འབྲི་གཡག་གསོ་ཚགས་རྣམ་གྲངས་ནང་ཞུགས་པས། “ཚན་རིག་དང་མཐུན་པའི་གསོ་ཚགས་བྱེད་སྟངས་ཤེས་བྱུང་། ལོ་མཇུག་ཏུ་བགོ་འགྲེམས་རག་པ་མ་ཟད། འོ་མ་དང་། མར། ཕྱུར་བ་སོགས་ཟས་མ་ཚར་བ་རྣམས་ད་དུང་འཚོང་ཆོག་པས། འཚོ་བ་སྐྱིད་པོ་ཞིག་སྐྱེལ་རྒྱུ་འདུག”ཅེས་བློ་བཟང་དར་རྒྱས་ཀྱིས་བཤད།
ལྷ་ལུང་གྲོང་ཚོར་བློ་བཟང་དར་རྒྱས་དང་འདྲ་བའི་འབྲི་གཡག་གསོ་ཚགས་ལས་ཕན་པ་ཐོབ་པའི་ཡུལ་མི་ཇེ་མང་དུ་འགྲོ་བཞིན་ཡོད། ཁྱོན་མ་དངུལ་སྒོར་ཁྲི་98བཏང་བའི་གསོ་ཚགས་རྣམ་གྲངས་དེ་ད་ཆ་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི“སྒུལ་ཤུགས་ཆེན་པོར”གྱུར་ཡོད།
གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་ནི་དམངས་ཕྱུག་གྲོང་དར་གྱི་འགག་རྩ་ཡིན་ཞིང་། ས་གནས་ས་ཐོག་ཏུ་བརྟག་ཞིབ་ཐེངས་མང་བྱས་པ་དང་ཡུལ་མིའི་བསམ་འཆར་བསྡུ་ལེན་རྒྱ་ཁྱབ་བྱས་པ་བརྒྱུད། ལྷ་ལུང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་མཐར་ས་གནས་དེ་གའི་རང་བྱུང་རྩྭ་རའི་སྤུས་ལེགས་ཐོན་ཁུངས་ལ་བརྟེན་ནས་ཐབས་ལམ་མང་པོ་བརྒྱུད་མ་དངུལ་བསྡུ་སྒྲིལ་བྱས་ཏེ་འབྲི་མོ་རེར་ཆ་སྙོམས་སྒོར་8570སྤྲད་དེ་ཁྱོན་བསྡོམས་འབྲི་མོ་མགོ་གྲངས་114ཉོས་ནས་ཐོན་ལས་ཕྱུག་འགྱུར་གྱི“འགག་སྒྲོལ་དམག་འཐབ”དངོས་སུ་རྒྱག་འགོ་བཙུགས།
“མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་ནི་བྱ་ཐབས་ཡིན་པ་དང་། རྩ་བའི་དམིགས་ཡུལ་ནི་ཡུལ་མི་ཚང་མས་འཕེལ་རྒྱས་ལས་བྱུང་བའི་གྲུབ་འབྲས་ལོངས་སྤྱོད་ཐུབ་པར་བྱ་རྒྱུ་དེ་རེད”ཅེས་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་འཕྲིན་ལས་དོན་གྲུབ་ཀྱིས་ངོ་སྤྲོད་བྱས། ཁོང་གིས“གནད་སྨིན་དམངས་ཕན་དང་དཀའ་ངལ་ཡོད་པའི་ཚོགས་སྤྱིར་དམིགས་པའི་བགོ་འགྲེམས་རྒྱག་པའི་ལམ་སྲོལ་དེས་ཉམས་ཞན་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ནུས་ལྡན་བྱུང་བ་མ་ཟད། གྲོང་པ་ཁྱིམ་མཚེས་དབར་ཕན་ཚུན་རོགས་རམ་དང་ཉེན་སེལ་རྒུད་སྐྱོབ་བྱེད་པའི་ཡུལ་སྲོལ་བཟང་པོ་ཞིག་ཆགས་ནས་ཁྱབ་གདལ་གཏོང་བར་ཤུགས་རྐྱེན་ཐེབས་ནས་སྡེ་ཁུལ་གྱི་གོང་བུ་འགྲིལ་ཤུགས་ཆེ་རུ་ཕྱིན་ཡོད”ཅེས་བཤད།
གཉེར་སྐྱོང་དོ་དམ་ཐད་ལྷ་ལུང་གྲོང་ཚོས“གྲོང་ཚོའི་མཉམ་སྡེབ་དང་། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་ཁྱད་ལྡན་འཕེལ་རྒྱས་ཀྱི་ཐབས་ལམ་གསར་གཏོད་བྱས་ཡོད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ཤང་སྲིད་གཞུང་དང་ཤང་ཕྱུགས་རིགས་སྨན་པའི་ས་ཚིགས་དང་མཉམ་འབྲེལ་བྱས་ཏེ་ཆེད་ལས་ཞབས་ཞུའི་ཚོགས་པ་བཙུགས་ནས་གསོ་ཚགས་དུད་ཚང་ལ་ཚན་རིག་དང་མཐུན་པའི་གསོ་ཚགས་ལག་རྩལ་གྱི་མཛུབ་ཁྲིད་དང་ནད་ཡམས་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་སོགས་ཐད་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་པ་དང་། གསོ་ཚགས་དུད་ཚང་དང་ཚད་ལྡན་གཉེར་སྐྱོང་གི་གྲོས་མཐུན་བཞག་ནས་ཁེ་དབང་དང་འོས་འགན་དང་ཁེ་སྤོགས་བགོ་འགྲེམས་ཀྱི་བསྡུར་གྲངས་གསལ་པོ་བཟོས་ནས་མཉམ་སྡེབ་ཀྱི་སྒྲིག་འཛུགས་མཐུན་སྦྱོར་གྱི་ལེགས་ཆ་འདོན་སྤེལ་བྱས་ཡོད་ལ། ཞིང་དུད་ཀྱི་གསོ་ཚགས་ཧུར་སེམས་ཀྱང་འཕེལ་བར་བྱས་ཡོད། འཆར་འགོད་ལྟར་ན། ལོ་5ཡི་གསོ་ཚགས་གྲོས་མཐུན་གྱི་དུས་བཀག་ཐིམ་རྗེས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ད་དུང་ཁྲོམ་རའི་གནས་ཚུལ་དང་གསོ་ཚགས་ཀྱི་ཕན་འབྲས་ལེགས་སུ་གཏོང་བའི་ཇུས་གཞི་གཞིར་བཟུང་། རྣམ་གྲངས་བབ་བསྟུན་འཕེལ་རྒྱས་དང་རྒྱུན་མཐུད་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
ད་ཆ། འབྲི་གཡག་གསོ་ཚགས་རྣམ་གྲངས་ལས་ལོ་ལྟར་ལྷ་ལུང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་གཏན་འཇགས་ཡོང་འབབ་སྒོར་ཁྲི་47ལྷག་ཙམ་ཡོང་གི་ཡོད་པའི་ཁར། ཐོན་ལས་ཡོང་འབབ་གཞན་དག་བསྣན་ན་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི་སྟོབས་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད། གྲོང་ཚོའི་མཉམ་སྡེབ་ཀྱི་ཡོང་འབབ་ཚང་མ་དགོས་མཁོ་ཆེ་སར་སྤྱད་ནས་ཕན་འབྲས་ཆེ་ཤོས་འདོན་སྤེལ་བྱ་ཆེད། ལྷ་ལུང་གྲོང་ཚོས་ནོར་དོན་ལྟ་སྐུལ་ལམ་སྲོལ་ནན་པོ་དང་ཕྱོགས་ཡོངས་ཀྱི་མ་དངུལ་དང་། རྒྱུ་ནོར། ཐོན་ཁུངས་བཅས་གསུམ་གྱི་དོ་དམ་རྩིས་ཁྲ་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། རྣམ་གྲངས་ཚང་མའི་གཏོང་ཡོང་གནས་ཚུལ་དུས་བཀག་ལྟར་གྲོང་དོན་ཡོངས་བསྒྲགས་སྒྲོམ་སྟེགས་སུ་ཡོངས་བསྒྲགས་ཞིབ་ཕྲ་བྱས་ཏེ། ཏང་ཡོན་དང་ཡུལ་མི་ཡོངས་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱས་ཡོད། “རྩིས་ཁྲ་གསལ་པོ་བྱུང་ཚེ་ཡུལ་མི་ཚོའི་སེམས་ནང་གདེང་ཚོད་ཡོད་པས། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཡིད་ཆེས་དེ་བས་ཆེ་རུ་ཕྱིན་ནས། དེར་མུ་མཐུད་རྒྱབ་སྐྱོར་བྱེད་ཀྱི་རེད”ཅེས་པའི་སྐད་ཆ་འདི་ལས་ཡུལ་མི་ཚང་མའི་ཐུན་མོང་གི་བསམ་འདུན་མངོན་གྱི་ཡོད།
གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་སྣེ་ཁྲིད་འོག འབྲི་གཡག་གསོ་ཚགས་ལས་གྲུབ་པའི“ཕྱུག་འགྱུར་གྱི་ཐབས་མཆོག”གིས་གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་རྒྱུན་ཆད་མེད་པར་བདེ་སྐྱིད་འཚོ་བ་བཏོད་པ་དང་། ཐུན་མོང་ཕྱུག་འགྱུར་གྱི་ལམ་བུའི་ཐོག་ལྷ་ལུང་གྲོང་ཚོ་འཕེལ་རྒྱས་བརྟན་པོ་འགྲོ་བར་སྐུལ་འདེད་ཐེབས་ཏེ། ས་མཐོའི་འབྲོག་ཁུལ་གྱི་གྲོང་གསེབ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་བཞིན་ཡོད།