《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年02月16日

སྒེར་རྩེ་རྫོང་ལུང་རི་སྡེ་ཁུལ་དུ་ཁེ་སྤོགས་བགོ་བའི་ཚོགས་ཆེན་འཚོགས་པ།

མི་1224ལ་སྒོར་ཁྲི་129ལྷག་ཙམ་རག་པ།

འདི་ནི་གྲོང་མི་པད་མ་གཡུ་རྒྱལ་ལ་སྡེ་ཁུལ་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་རག་པའི་རྣམ་པ་ཡིན་པ།

འདི་ག་ཚགས་པར་ཁང་དུ་སྒེར་རྩེ་ནས་གློག་འཕྲིན་འབྱོར་གསལ། 2025ལོའི་ལོ་འཁོར་གྱི་ལས་དོན་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱེད་པ་དང་། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པ། སྡེ་ཁུལ་གྱི་གྲོང་མིའི་ཐོབ་སྣང་དང་སྐྱིད་སྣང་སྔར་བས་ཆེ་རུ་གཏོང་ཆེད། ཉེ་ཆར་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་སྒེར་རྩེ་གྲོང་རྡལ་ལུང་རི་སྡེ་ཁུལ་གྱིས་2025ལོའི་ལོ་འཁོར་གྱི་ལོ་མཇུག་ཕྱོགས་སྡོམ་དང་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་བགོ་བའི་ཚོགས་ཆེན་འཚོགས་པ་རེད།

འདས་ཟིན་པའི་ལོ་གཅིག་རིང་། སྡེ་ཁུལ་དེས་ཐོན་ཁུངས་ཀྱི་ལེགས་ཆ་དང་། ལས་གྲྭའི་ཨར་སྐྲུན་ཞབས་ཞུ། མཉམ་སྡེབ་རྒྱུ་ནོར་བོགས་གཏོང་། ལས་གྲྭའི་འཕྲུལ་ཆས་གཉེར་སྐྱོང་། དམངས་ཕན་དངོས་ཟོག་ཉོ་བ་སོགས་ལྟེ་བའི་ཐོན་ལས་ལ་གཞི་ཚུགས་ཏེ། གྲོང་གསེབ་ཀྱི་འགྲོ་ལམ་ཉམས་གསོ་དང་ཆུ་རགས་བརྟན་གཏོང་སོགས་ལས་གྲྭ་4བདེ་བླག་ངང་སྒྲུབ་འགན་ཁུར་བར་ཡོང་འབབ་སྒོར་ཁྲི་124.54བྱུང་ཡོད། བེད་སྤྱོད་མི་གཏོང་བའི་ཁང་པ་21ཕྱི་ཕྱོགས་སུ་བོགས་མར་བཏང་བར་ལོའི་བོགས་དངུལ་ཡོང་འབབ་སྒོར་ཁྲི་70.98ཡན་ཟིན་པ་དང་། མཉམ་སྡེབ་ལས་གྲྭའི་འཕྲུལ་ཆས་2ཀྱིས་ཟླ་བ་གཅིག་རིང་ལས་ཀ་བྱས་པར་ཡོང་འབབ་སྒོར་ཁྲི་8.84བྱུང་ཡོད། ས་མཐོའི་དགུན་དུས་དྲོད་ལེན་གྱི་དགོས་མཁོར་དམིགས་ནས་གཞི་ཁྱོན་ཅན་གྱི་ཉོ་སྒྲུབ་བྱས་པ་བརྒྱུད་ཉོ་ཚོང་གི་རིན་ཁྱད་ཡོང་འབབ་སྒོར་ཁྲི་9.72བྱུང་བ། ཐོན་ལས་ཆེན་པོ་བཞིས་མཉམ་དུ་ཤུགས་བརྒྱབ་ནས་ལོ་ཧྲིལ་པོར་མཉམ་སྡེབ་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་214.08བྱུང་བ། “བགོ་བཤའ་རྒྱག་ཆོག་པའི་ཁེ་སྤོགས་སྒོར་ཁྲི་214.08ཀྱི་ཁྲོད་ནས་མཉམ་སྡེབ་འཁོར་རྒྱུག་དོ་དམ་གྱི་མ་དངུལ་སྒོར་ཁྲི་84.94འཐེན་རྗེས་ལྷག་མའི་སྒོར་ཁྲི་129.14ཚང་མ་གྲོང་མིར་བགོ་བཤའ་བརྒྱབ་པས་དུད་ཚང་399ཡི་གྲོང་མི་1224ལ་ཕན་པ་ཐོབ་པ་དང་ཁེ་སྤོགས་དངུལ་ཁང་ནས་མི་སྒེར་གྱི་རྩིས་ཁྲར་བརྒྱབ་ཡོད”ཅེས་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་ཆོས་བཟང་གིས་བཤད།