《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年02月16日

ནག་ཆུ་གྲོང་ཁྱེར་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ཀྱི་གྲུབ་འབྲས་བརྟན་དུ་བཏང་བ།

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ད་ལོ་ཚུན་དུ་ནག་ཆུ་གྲོང་ཁྱེར་གྱིས་བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་དེ་འཐབ་ཇུས་རང་བཞིན་གྱི་ལས་འགན་དང་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ཏུ་བརྩིས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་བྱ་རྒྱུ་བརྟན་དུ་ཏན་ཏིག་བཏང་བས་ཕན་འབྲས་གསར་པ་ཟམ་མི་ཆད་པར་ཐོན་ཡོད།

རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་ཁག་བཅུ་གཉིས་པའི་དཔེ་སྟོན་ཚན་པ་འོས་སྦྱོར་རེ་ཞུའི་ལས་དོན་ནན་ཏན་ངང་སྤེལ་བས་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཡོད། མིག་སྔའི་བར། རྫོང(ཆུས)11ཚང་མ་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང(ཆུས)དུ་བཏོད་པ་དང་། 95%ཡན་གྱི་གྲོང་ཁྱེར(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཀྱི་ཏང་སྲིད་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་ལས་བྱ་གཞག་ཚན་པ་བཅས་གྲོང་ཁྱེར་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚན་པར་བཏོད་དེ“100%གཉིས་དང་80%གཅིག”གི་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད།

“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར། ངས་ཁས་ལེན་དང་། ང་ཞུགས་པ། ངས་སྲུང་སྐྱོང་བྱེད་པ”བཅས་ཀྱི་ཕན་འབྲས་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་། “མཛེས་མཐུན་བྱང་ཐང་། དཔའ་བོའི་གླུ་དབྱངས”ཞེས་པའི་གསར་བརྗེའི་རིག་གནས་སྲུང་སྐྱོང་རྒྱུན་འཛིན་བྱ་སྤྱོད་སྤེལ་བ། བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྱམས་རིང་ཐོག་མ་དང་། ཨ་མདོའི་གདང་ལའི་སྒྲིག་གཤོམ་ཁང་། སྤུས་དག་གི་བཞུགས་གནས་སོགས་སློབ་གསོའི་རྟེན་གཞི་དང་བརྗོད་དོན་གཙོ་བོའི་འགྲེམས་ཁང་170ལྷག་ཙམ་ཧུར་ཐག་གཏོད་པ། ནག་ཆུའི་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་དངོས་དང་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་དང་འགྲེམས་སྟོན་གང་ལེགས་བཅས་བྱས་ཏེ། བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་ཞིབ་ཕྲ་ཅན་དང་དངོས་ཚན་ཅན་དུ་འགྱུར་བར་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་ནག་ཆུའི་ལོ་རྒྱུས་དང་རིག་གནས་ཐད་ཀར་ཤེས་རྟོགས་དེ་བས་ལེགས་པར་ཐུབ་པར་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་རྒྱལ་ཁབ་ལ་བཅངས་པའི་མོས་སེམས་དང་། གཏོགས་སེམས། སྤོབས་སེམས་བཅས་ཆེ་རུ་བཏང་ཡོད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། བསྟན་འཛིན་བློ་གྲོས་ཀྱིས་ཞུས)