《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年02月16日

ཚན་རྩལ་བཟང་པོས་མཐུན་རྐྱེན་སྦྱར། ཞིང་ལས་ཡར་ངོའི་ཟླ་ལྟར་འཕེལ།

—— ལྷོ་ཁ་གྲོང་ཁྱེར་གྱིས་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་བཏང་བས་གྲོང་གསེབ་དར་རྒྱས་བྱུང་བའི་སྐོར་བཀོད་པ།

ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་དྲོད་ཁང་ཆེ་མོ་གསར་སྐྲུན་དང་སྒྱུར་བཀོད་བྱས་ཏེ་ལྷན་སྦྱར་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་དང་འདེབས་འཛུགས་ལག་རྩལ་རིམ་སྤོར་བྱས་པས། མང་ཚོགས་ཀྱི“ཤ་ཚལ་སྒོང་གསུམ”ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་མ་ཟད། ས་གནས་དེ་གའི་ཞིང་དུད་ལ་ལས་ཞུགས་དང་འབབ་འཕར་གྱི་ཐབས་ལམ་བརྟན་པོ་ཞིག་བཏོད་ནས་མི་དེ་བས་མང་པོས་སྔོ་ཚལ་བཏབ་སྟེ་ཁྱིམ་གྱི་སྒོ་རྩར་ལས་ཞུགས་དང་ངལ་རྩོལ་ལ་བརྟེན་ནས་ཕྱུག་འགྱུར་ཐུབ་པར་བྱས་ཡོད།

ལྷོ་ཁ་གྲོང་ཁྱེར་ལ་ཆ་སྙོམས་ས་བབ་སྨི་3600ལྷག་ཙམ་ཡོད་པ་དང་དགུན་དུས་གྲང་ངར་དང་སྐམ་ཤས་ཆེ་ལ་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བས། ཚལ་ཞིང་གི་སྔོ་ཚལ་ཡག་པོ་སྐྱེ་ཐུབ་ཀྱི་མེད། འོན་ཀྱང་དྲོད་ཁང་དུ་དྲོད་སྲུང་འགྱིག་ཤོག་མཐུག་པ་དང་། ས་དྲོད་མཁོ་འདོན། རང་འགུལ་ཆུ་འདྲེན་མ་ལག་བཅས་ཡོད་པས། དྲོད་ཁང་གི་དྲོད་ཚད་བརྟན་པོས་ལོ་འཁོར་མོར་སྔོ་ཚལ་ཡག་པོ་སྐྱེ་ཐུབ་ཀྱི་ཡོད།

ལོ་ཧྲིལ་པོའི་སྔོ་ཚལ་ཐོན་སྐྱེད་འགན་ལེན་བྱེད་པ་དང་ཆབས་ཅིག་ཚན་རྩལ་གྱི་འདེགས་སྐྱོར་འོག ཡུལ་འདི་གའི་སྔོ་ཚལ་ཐོན་ཚད་དང་སྤུས་ཚད་མུ་མཐུད་ལེགས་སུ་ཕྱིན་ཡོད། སྐལ་བཟང་གིས་2025ལོར་རིམ་པ་དེ་གའི་ནོར་སྲིད་དང་ཚན་རྩལ་རྣམ་གྲངས་ལ་བརྟེན་ནས། ལྷོ་ཁས་པེ་ཅིང་དང་། ཧུའུ་ནན། ཨན་ཧུའེ་སོགས་ས་གནས་ནས་སྔོ་ཚལ་གྱི་སོན་གསར་པ་30དང་ཤིང་འབྲས་དང་ཨ་ཤོམ་གྱི་སོན་སྣ་ཁ་9ཙམ་ནང་འདྲེན་བྱས་པ་མ་ཟད། ས་མཐོའི་དྲོད་ཚད་དམའ་བ་དང་། ཉི་འོད་ཤུགས་དྲག་ཆེ་བ། མཁའ་རླུང་སྐམ་ཤས་ཆེ་བ་བཅས་ཀྱི་དམིགས་བསལ་ཁོར་ཡུག་ལ་དམིགས་ནས་ཚོད་འདེབས་ཡང་ཡང་བྱས་པ་བརྒྱུད། མཐར་འཕྲོད་ཆེ་བ་དང་སྤུས་ཀ་དག་པའི་སོན་20བདམས་པས་ཐོན་འབབ་10%ཡན་འཕར་བ་མ་ཟད། བཏབ་པའི་སྔོ་ཚལ་གྱི་བྲོ་བ་དང་འཚོ་བཅུད་ཀྱི་རིན་ཐང་དེ་བས་ཡག་ཏུ་ཕྱིན་ཡོད་ཅེས་བརྗོད་བྱུང་།

“ང་ཚོས་ད་ལོའི་དཔྱིད་དུས་དང་སྟོན་དུས་སུ་སུར་པན་དང་། ཀྲོ་མ་ཀྲུ ཤིས་ཀྭ ཧོང་ཀྭ ནན་ཀྭ ཏ་པད་ཚལ་སོགས་སྤུས་ལེགས་སོན་ཁྲི་10ལྷག་ཙམ་སྐྱེད་སྲིང་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་རྫོང(ས་ཁུལ་དང་གྲོང་ཁྱེར)12ཀྱི་དྲོད་ཁང་80ལྷག་ཙམ་དུ་བསྐྱལ་བ་མ་ཟད། ད་དུང་མཐའ་མཚམས་ཤང་དང་གྲོང་རྡལ་སོགས་ལ་མྱུ་གུ་སྡེབ་སྐྱེལ་དང་ལག་རྩལ་མཛུབ་ཁྲིད་གཞི་གཅིག་ཅན་གྱི་ཞབས་འདེགས་ཞུས་ནས་མང་ཚོགས་དེ་བས་མང་པོས་འདེབས་ཤེས་པ་དང་། བསྡུ་ཐུབ་པ། ཁེ་བཟང་རག་ཐུབ་པ་བཅས་བྱས་ཡོད”ཅེས་སྐལ་བཟང་གིས་སྤོབས་པ་ཆེན་པོས་བརྗོད།

ལག་རྩལ་ཞབས་ཞུས་ཐོན་སྐྱེད་ཀྱི་རྗེས་སྙེགས་པར་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས(ཞིང་ལས་ཚན་རིག་སུའོ)ཀྱིས“ཚན་རྩལ་གཤམ་སྐྱོད”དང་། “ཞིང་ནང་སློབ་ཁང”“ས་གནས་ས་ཐོག་ཏུ་སློབ་ཁྲིད”སོགས་ཀྱི་བྱ་ཐབས་སྤྱད་དེ་ལོ་ཧྲིལ་པོར་ལག་རྩལ་མཛུབ་ཁྲིད་ཐེངས་20ལྷག་ཙམ་བྱས་ནས་ཞིང་དུད་དང་རྟེན་གཞིའི་ལས་མི་300ལྷག་ཙམ་གསོ་སྦྱོང་བྱས་ཡོད། དེ་དང་ཆབས་ཅིག་སྐད་འཕྲིན་ཚོགས་པ་དང་ཁྱུག་དབྱིངས་བརྙན་ལམ་སོགས་སྨྱན་སྦྱོར་གསར་པའི་ལས་སྟེགས་སྤྱད་དེ་ལྷོ་ཁའི་ཡུལ་སྐད་དང་ཐད་གཏོང་ལ་བརྟེན་ནས་སོན་འདེམས་དང་། སོན་གསོ། ནད་དང་འབུའི་གནོད་འཚེ་སྔོན་འགོག་སོགས་ཀྱི་ལག་རྩལ་བསླབས་ཏེ་ཞིང་དུད་ཀྱིས་བལྟས་མ་ཐག་ཤེས་པ་དང་སྦྱངས་མ་ཐག་ཤེས་ཐུབ་པ་བྱས་ཡོད།

ད་ལོའི་དགུན་ཁར་དྲོད་ཁང་ཕྱི་ནང་དུ་གཟན་ཆས་ལོ་ཏོག་གསར་པ་ཚོད་འདེབས་བྱས་ཤིང་། སྐལ་བཟང་གིས“ད་ལོ་ཐོན་ལས་འཁོར་སྐྱོད་འཕེལ་རྒྱས་ཀྱི་བླང་བྱ་གཞིར་བཟུང་། ང་ཚོས་སྤུས་ལེགས་ཀྱི་གཟན་ཆས་གསར་པ་ཚོད་འདེབས་བྱས་ཡོད། ད་ཆ་གཟན་ཆའི་མྱུ་གུ་སྐྱེ་ཚུལ་དང་གསོན་ཚད་ལེགས་པས་ས་གནས་ཀྱི་གསོ་ཚགས་དགོས་མཁོ་སྐོང་ཐུབ་པ་དང་འདེབས་འཛུགས་ཀྱི་ཕན་འབྲས་ཐོན་ངེས་རེད”ཅེས་ངོ་སྤྲོད་བྱས་བྱུང་།

སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་སྡེ་ཁུལ་གླིང་ཁ་འདེབས་འཛུགས་མཉམ་ལས་ཁང་གི་དྲོད་ཁང་ནང་འདེབས་འཛུགས་དུད་ཚང་བསྟན་འཛིན་གྱིས་ལྷོ་ཁ་གྲོང་ཁྱེར་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱི་ལག་རྩལ་པ་དང་མཉམ་དུ་ལ་ཕུག་དཀར་པོའི་སྐྱེ་ཚུལ་ལ་བལྟ་བཞིན་འདུག

ལག་རྩལ་པས་བཤད་པའི་སྐད་ཆ་ཉན་བཞིན་ཁོང་གིས་མགོ་བོ་ལྕོག་ལྕོག་བྱེད་ལ་ངོ་གདོང་ནས་བློ་ཡིད་ཚིམ་པའི་རྣམ་འགྱུར་མངོན། བསྟན་འཛིན་གྱིས“ང་ཚོའི་མཉམ་ལས་ཁང་2010ལོར་བཙུགས་ཤིང་་ངས་ད་བར་དེ་གར་སྔོ་ཚལ་བཏབ་པ་ཡིན། སྔོན་མ་སྣ་ཁ་རྐྱང་པ་དང་ལག་རྩལ་རྗེས་ལུས་དབང་གིས་ཐོན་འབབ་ཡག་པོ་མེད”ཅེས་བཤད་ཅིང་། ཁོང་གིས་ལྷོ་ཁ་གྲོང་ཁྱེར་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱིས་རིན་པ་མི་དགོས་པར་སྤུས་ལེགས་སྔོ་ཚལ་གྱི་སོན་མཁོ་འདོན་དང་ལག་རྩལ་ཐད་མཛུབ་ཁྲིད་བྱས་རྗེས། མཉམ་ལས་ཁང་གི་སྔོ་ཚལ་ཐོན་འབབ་ལེགས་སུ་ཕྱིན་སོང་ཞེས་བརྗོད་བྱུང་།

དྲོད་ཁང་ནས་ཕྱིར་དོན་སྐབས། ཉི་འོད་ས་གཞི་ཆེ་མོར་འཕྲོས་ཟིན་ཡང་གྲང་ངར་ད་དུང་འཇགས་མེད། འོན་ཀྱང་དྲོད་ཁང་གྲུ་བཞིའི་ནང་སྔོ་ཚལ་སྔོ་ཐིང་ངེར་སྐྱེ་ཞིང་། ཁྱད་ལྡན་སྒྲིག་བཀོད་ཞིང་ལས་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་དར་རྒྱས་ཀྱི་གཞི་རྟེན་དུ་གྱུར་ནས་དབྱར་མཚོ་རྒྱས་པའི་རྣམ་པ་ཞིག་མངོན་བཞིན་མཆིས།

(པ་སངས་དང་ཚེ་དབང་ལྷ་མོས་སྒྱུར་ཞུས་བྱས)