《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年02月16日

ལིའུ་ཅང་གིས་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣ་དང་། སྲིད་ཁྲིམས་ཁོངས་གཏོགས་ཀྱི་ལས་བྱེད་པ་རྒན་གྲས། ལྕགས་ལམ་ལམ་སྲུང་མཉམ་འགོག་རུ་མི་བཅས་ལ་འཚམས་འདྲི་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་2ཚེས་14ཉིན་གནས་ཚུལ་འབྱོར་གསལ། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས་སུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར། ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣ་དང་། བོད་སྡོད་དཔུང་སྡེའི་དཔོན་དམག སྲིད་ཁྲིམས་ཁོངས་གཏོགས་ཀྱི་ལས་བྱེད་པ་རྒན་གྲས། གཞུང་དོན་དུ་སྐུ་གཤེགས་པའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་ནང་མི།

(པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ལྕགས་ལམ་ལམ་སྲུང་གི་མཉམ་འགོག་རུ་མི་བཅས་ལ་འཚམས་འདྲི་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།

ཐང་མིང་དབྱིན་དང་། ལི་ཝུན་ཀེ ལང་ཧྥུ་ཁོན། ཡུས་ཡུན་ཀུའེ་བཅས་བྱེད་སྒོར་ཞུགས་ཡོད།

ལིའུ་ཅང་དམངས་གཉེར་དཔལ་འབྱོར་ལས་རིགས་ཀྱི་མི་སྣ་སྒྲོལ་དཀར་དང་། ཏང་ཕྱིའི་ཤེས་ལྡན་པ་ཏུང་ཀྲི་ཁྲེང་། རྒྱལ་ནང་དུ་ལོག་ནས་གཞིས་ཆགས་པའི་བོད་རིགས་སྤུན་ཟླ་འཇིགས་མེད་ཚེ་བརྟན། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣའི་རྗེས་རབས་པ་ལྕང་ལོ་ཅན་ཚེ་རིང་དབྱངས་ཅན་བཅས་ཀྱི་ཁྱིམ་དུ་ཕེབས་ནས་ཁོང་ཚོ་དང་བཀའ་མོལ་གནང་ནས་ལས་དོན་དང་འཚོ་བའི་གནས་ཚུལ་སྐོར་བྱམས་བརྩེའི་ངང་བཀའ་འདྲི་གནང་བ་མ་ཟད། བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་ཞིང་། ཁོང་གིས། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ཀྱི་ལོ་ཞིག་ཡིན་པས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ། རང་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་བྱས་རྗེས་འཇོག་པ་དང་བྱ་གཞག་གཏོད་པ། ན་གཞོན་མི་རབས་ཚོ་དེ་བས་ལེགས་པའི་ངང་འཚར་ལོངས་དང་ཡར་རྒྱས་ཡོང་བར་སློབ་གསོ་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་རྩོམ་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་རེད།

སྲིད་ཁྲིམས་ཁོངས་གཏོགས་ཀྱི་ལས་བྱེད་པ་རྒན་གྲས་དང་གཞུང་དོན་དུ་སྐུ་གཤེགས་པའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་ནང་མིར་གཟིགས་སྐབས། ལིའུ་ཅང་གིས་བདེ་སྡུག་གནས་ཚུལ་དང་རྒྱུན་གཏན་འཚོ་བའི་སྐོར་ལ་ཅི་འཕྲོས་མོལ་འཕྲོས་གནང་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་རྗེས། ཁོང་ཚོས་བོད་ཀྱི་སྲིད་ཁྲིམས་བྱ་གཞག་ཆེད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། དཔྱིད་གསར་དུས་ཆེན་སྤྲོ་པོ་དང་། སྐུ་གཟུགས་གསལ་ཐང་། འཚོ་བ་བདེ་སྐྱིད་བཅས་ཡོང་བའི་སྨོན་འདུན་ཞུས་ཐོག ཚང་མས་བོད་ཀྱི་སྲིད་ཁྲིམས་ལས་དོན་ལ་མུ་མཐུད་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ཆེད་རང་ནུས་ལྷག་མ་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་ཐུགས་རེའང་གནང་བ་རེད།

ལིའུ་ཅང་ལྷ་ཉིང་ལྕགས་ལམ་ལམ་སྲུང་གི་འཐབ་ས་དང་པོར་ལས་གནས་བརྟན་སྲུང་བྱེད་བཞིན་པའི་ལམ་སྲུང་མཉམ་འགོག་རུ་མིར་གཟིགས་པར་ཕེབས་ནས་ས་གནས་ས་ཐོག་ཏུ་རུ་མི་ཚོའི་ལས་ཀ་དང་འཚོ་བའི་ཁོར་ཡུག་ལ་གཟིགས་པ་དང་སྦྲགས། ཁོང་ཚོའི་རྒྱུན་གཏན་གྱི་ལས་རེས་དང་ལམ་ཐིག་སྐོར་ཞིབ་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་དང་ལྗོངས་ཡོངས་ཀྱི་ལྕགས་ལམ་ལམ་སྲུང་གི་མཉམ་འགོག་ལས་རེས་གནས་ཚུལ་ལ་ཞིབ་བཤེར་དང་བཀོད་གཏོང་ཡང་གནང་བ་རེད།

ལིའུ་ཅང་བོད་སྡོད་དྲ་རྒྱའི་བར་མཐོངས་དཔུང་སྡེ་དང་ཆ་འཕྲིན་རོགས་སྐྱོར་དཔུང་སྡེ་སོགས་སུ་འཚམས་འདྲིར་ཕེབས་ནས་དེ་གའི་དཔོན་དམག་ཡོངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་དང་བླ་ན་མེད་པའི་གུས་འདུད་ཞུས་ཏེ་རྒྱ་ཆེའི་དཔོན་དམག་ཚོས་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་དང་། ལྷག་བསམ་རྣམ་དག་གི་རང་གཤིས་ནམ་ཡང་མི་ཉམས་པ། ས་གནས་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཧུར་ཐག་དང་དེའི་ནང་ཞུགས་པ། དམག་དམངས་མཉམ་སྐྲུན་མཉམ་གཏོད་རྒྱུན་མཐུད་གཏིང་ཟབ་བཅས་བྱས་ནས་བྲག་ལྟར་བརྟན་པའི་དམག་སྲིད་དམག་དམངས་དབར་གྱི་མཐུན་སྒྲིལ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་པའི་ཐུགས་རེ་གནང་བ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། པ་སངས་ཕན་ཐོགས་དང་པ་ཚེས་ཞུས)