《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年02月15日

བོད་ཀྱི་ལོ་གསར་དང་འབྲེལ་བའི་དམངས་སྲོལ་ཤེས་བྱ།

སྤྱིར་བོད་ཟླ་དང་པོའི་ཚེས་གཅིག་ཉིན་ནི་ལོ་གསར་གྱི་ཉིན་དང་པོ་ཡིན་པས། གནམ་གང་གི་ནམ་ཕྱེད་ཡོལ་མ་ཐག་ཆུ་ཟོམ་ལ་ཁ་བཏགས་གཡོགས་ནས་ཆུ་ཕུད་ལེན་ གྱི་ཡོད་ཅིང་། ཆུ་ཕུད་དང་པོ་ཐོབ་མཁན་ནི་ཧ་ཅང་གི་རྟེན་འབྲེལ་བཟང་པོར་བརྩི་ སྲོལ་ཡོད། ཚེས་གཅིག་ཉིན་གྱི་ཞོགས་པ་སྔ་པོ་ནས་ཁྱིམ་འཛིན་མས་གྲོ་ཐུག་གམ་ཡང་ ན་ཆང་སྐོལ་གྲ་སྒྲིག་བྱེད་པ་དང་དེ་ནས་གྲོ་སོ་ཕྱེ་མར་བཏེགས་ནས་ལོ་གསར་གཏོང་འགོ་ཚུགས་ཀྱི་ཡོད། སྤྱིར་བཏང་ཡིན་ན་ལོ་གསར་ཚེས་གཅིག་གི་ཞོགས་པ་སྔ་པོར། ཁྱིམ་ཚང་ནང་བཞུགས་གྲལ་གྱི་མདུན་དུ་ཕ་མ་ལྷན་རྒྱས་བཞུགས་དགོས་པ་དང་རིམ་བཞིན་བུ་ཕྲུག་རྣམས་ལོ་ན་རྒན་གཞོན་གྱིས་སྡོད་དགོས། བཞུགས་གྲལ་བསྒྲིགས་ཚར་རྗེས། ཨ་མས་པ་ཕར་མཇལ་དར་བསྒྲོན་པ་དང་དེ་ནས་ཕྲུ་གུ་རྒན་པ་ནས་གཞོན་པ་བར་གྱིས་རིམ་བཞིན་ཕ་མར་མཇལ་དར་བསྒྲོན་ཁར། ད་དུང་གྲོ་སོ་ཕྱེ་མར་ལ་ཕུད་གཏོར་བྱེད་དགོས། གྲོ་སོ་ཕྱེ་མར་ཕུད་གཏོར་བྱེད་སྐབས། ཕུད་གཏོར་བྱེད་མཁན་གྱིས་སྨྲ་སྒོ་ལས། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ཨ་མ་བག་དྲོ་སྐུ་ཁམས་བཟང་། གཏན་དུ་བདེ་བ་ཐོབ་པར་ཤོག དུས་སང་ད་ཚོད་ཁྲ་རོག་རོག་བྱས་ནས་མཇལ་རྒྱུ་ཡོང་བར་ཤོག་ཅེས་པ་དང་། ད་དུང་སྨོན་ལམ་རྒྱས་པ་རྒྱག་སྐབས་མུ་མཐུད་ནས། ཆར་ཆུ་དུས་སུ་འབབ་པར་ཤོག ལོ་ཕྱུགས་རྟག་ཏུ་ལེགས་པར་ཤོག སད་དང་སེར་བ་མེད་པར་ཤོག དམག་འཁྲུག་དང་མུ་གེ་མི་ཡོང་བར་ཤོག མི་ནད་དང་ཕྱུགས་ནད་མེད་པར་ཤོག ལུས་ལ་ན་ཚ་དང་། སེམས་ལ་སྡུག་བསྔལ་མེད་པར་ཤོག རྒྱལ་ཁམས་བདེ་ཞིང་སྐྱིད་པ་ཡོང་བར་ཤོག་ཅེས་ཕྱེ་མར་གཏོར་གྱིན་སྨོན་ལམ་རྒྱས་པོ་རྒྱག་སྲོལ་ཡོད།

ལོ་གསར་ཚེས་གཉིས་ཉིན་ནས་བཟུང་། དགའ་ཉེ་སྤུན་མཆེད་ཕན་ཚུན་ཁྱིམ་ལ་ མགྲོན་འབོད་བྱེད་པ་དང་། ཉིན་མང་པོ་ཐུགས་སྤྲོ་བཏང་ནས་གཞས་དང་ཞབས་བྲོ་རྒྱག་པ་སོགས་དགའ་སྐྱིད་དཔལ་ལ་རོལ་གྱི་ཡོད། ཚེས་གསུམ་ཉིན་ལྷ་གསོལ་ལམ་ཐོག་གསོལ་ཞེས་ཁྱིམ་ཚང་ཚང་མས་ཞོགས་པ་ཉི་མ་ཤར་མ་ཐག་ཁྱིམ་ཚང་གི་ནང་མི་རྒན་གཞོན་ཚང་མ་ཁང་པའི་ཐོག་སྟེང་དུ་དོན་ནས་ལྷ་བསང་གཏོང་བ་དང་དར་ལྕོག་བཙུགས་རྗེས་ལྷ་རྒྱལ་འཐེན་སྲོལ་ཡོད།

བོད་མིའི་ལོ་གསར་ལ་དམངས་ཁྲོད་དུ། བླ་མ་ལོ་གསར་དང་། རྒྱལ་པོ་ལོ་གསར། བསྟན་སྲུང་ལོ་གསར། བེའུ་ལོ་གསར། ཡུལ་པ་ལོ་གསར། སོ་ནམ་ལོ་གསར་སོགས་ལོ་འགོ་འཛིན་ཚུལ་མི་འདྲ་བའི་དབང་གིས་ལོ་གསར་ཡང་ཡུལ་སྲོལ་མི་འདྲ་བ་སྣ་ཚོགས་བྱུང་ཡོད་ལ། ལོ་གསར་གྱི་བྱེད་སྒོ་སྤེལ་ཚུལ་ཐད། ཡུལ་ལུང་སོ་སོའི་བྱེད་སྟངས་མི་འདྲ་བ་ཡོད་པ་དཔེར་ན། ལྷོ་ཁའི་གྲོང་གསེབ་ཀྱི་ས་ཆ་མང་པོར་རྡོ་འགྱོགས་དང་། རྡོ་སྒོར་སོགས་ཀྱི་རྩལ་འགྲན་བྱེད་པ་དང་། ཁམས་ཕྱོགས་ཀྱི་ཡུལ་ལུང་མང་པོར་རྟ་རྒྱུག་པ་དང་། ཤུགས་རྩལ་འགྲན་པ་སོགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད།

སྤྱིར་བོད་ཀྱི་ལོ་གསར་གྱི་འབྱུང་བ་ནི། བོད་རྒྱལ་དགུ་པ་པུ་དེ་གུང་རྒྱལ་གྱི་དུས་ལྷོ་ཁ་ཡར་ལུང་ཁུལ་དུ་ཐགས་མཁན་རྒན་མོ་བལ་མ་ཞིག་གིས་ཟླ་བའི་དཀར་ཆ་འཕེལ་འགྲིབ་ཀྱི་ཆ་ཤས་ལ་བལྟས་ནས་ལོ་ཟླ་ཞག་དུས་རགས་ཙམ་རྩིས་སྲོལ་ཡོད་པ་དེར་རྒན་མོ་བལ་མོའི་ཟླ་རྩིས་ཞེས་གྲགས། ཟླ་རྩིས་དེ་ལ་བརྟེན་ནས་ལོ་འཁོར་མཚམས་ཀྱི་དུས་རྟགས་ཏེ། ལྷོ་ཁ་ཡར་ལྷ་ཤམ་པོའི་འདབས་ཀྱི་ཁམ་སྡོང་ལ་མེ་ཏོག་ཤར་འཕྲལ་དཔྱིད་ཀྱི་དུས་ཆེན་གཏོང་སྲོལ་ཆགས་པ་དང་། དེ་ནས་བོད་ཀྱི་ལོ་གསར་ཐོག་མ་གཏོང་འགོ་ཚུགས་པ་རེད་ཅེས་ཟེར་སྲོལ་འདུག

《བོད་ལྗོངས་དམངས་སྲོལ་ཉིང་བཏུས》ལས་བཏུས།