《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年01月05日

བྲག་འཁོར་ཆུ་མཛོད་ལས་མཇུག་བདེ་བླག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་1ཉིན་གནས་ཚུལ་འབྱོར་གསལ། ཀྲུང་གོ་གློག་སྐྲུན་ཁོངས་གཏོགས་ཆུ་གློག་རྨང་གཞི་ཅུས་ཀྱིས་སྐྲུན་འགན་ཁུར་བའི་ལྷ་ས་གྲོང་ཁྱེར་བྲག་འཁོར་ཆུ་མཛོད་ལས་གྲྭ་ལས་མཇུག་བདེ་བླག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་པ་དང་། དེ་ཐོག་ནས་ལས་གྲྭ་དེའི་འཛུགས་སྐྲུན་ལས་འགན་ཚང་མ་ལེགས་གྲུབ་ཟིན་པ་མ་ཟད། དངོས་སུ་ཐོན་སྐྱེད་གཉེར་སྐྱོང་དང་ཕན་འབྲས་ཐོན་འགོ་ཚུགས་པ་མཚོན་གྱི་ཡོད་པ་རེད།

བྲག་འཁོར་ཆུ་མཛོད་ལས་གྲྭ་ནི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཁོངས་སུ་གནས་ཤིང་། ཆ་སྙོམས་ས་བབ་སྨི་4500ཟིན་པ་དང་དེ་ནི་རྒྱལ་ནང་དུ་སྐྲུན་བཞིན་པའི་ས་བབ་མཐོ་ཤོས་ཀྱི་ཆུ་མཛོད་ལས་གྲྭ་འབྲིང་གྲས་ཤིག་རེད། ལས་གྲྭ་དེ་ནི《ལྷ་ས་གྲོང་ཁྱེར་ཆུ་བེད་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད》ཀྱི་གཙོ་གནད་ཆུ་བེད་ལས་གྲྭ་ཞིག་ཡིན་ལ། སྙེ་མོ་དམར་ཆུ་རྒྱུག་ཁུལ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཀྱང་རེད། ལས་གྲྭར་མ་དངུལ་བསྡོམས་སྒོར་དུང་ཕྱུར་7.35བཏང་བ་དང་། དེའི་ནང་འགག་རྩའི་ལས་གྲྭ་དང་ཆུ་འདྲེན་ལམ་ཐིག་ཁག་གཉིས་ཚུད་ཡོད་ཅིང་། ཆུ་མཛོད་ཀྱི་སྤྱིའི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་1365དང་ཆུ་འདྲེན་མདོང་ལམ་གི་སྤྱིའི་རིང་ཚད་ལ་སྟོང་སྨི་35.62ཟིན་པ་དང་། ལོ་མང་རིང་ཆ་སྙོམས་ཆུ་མཁོ་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་934ཟིན་ནས་མདོང་ལམ་རྒྱུད་ཀྱི་ཤང་དང་གྲོང་རྡལ་3ལ་ཕན་པ་ཐོབ་རྒྱུ་སྟེ། ཞིང་ཆུ་འདྲེན་པའི་རྒྱ་ཁྱོན་མུའུ་ཁྲི་4.08མང་དུ་དང་ལེགས་སུ་འགྲོ་རྒྱུ་ཡིན་ཞིང་། ལས་གྲྭའི་སྤྱིའི་ལས་ཡུན་དེ་གན་རྒྱའི་ལས་ཡུན་ལས་ཟླ་བ་དྲུག་གི་སྔོན་ལ་ལེགས་གྲུབ་བྱུང་ཡོད་པ་རེད།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)