ས་གནས་ས་ཐོག
2025ལོའི་ཟླ་12ཚེས་29ཉིན། ང་ཚོ་ཁུ་ཁུ་ཤིས་རི་ནས་རླངས་འཁོར་ལ་བསྡད་དེ་ཨར་ཅིན་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལ་བསྐྱོད་པ་དང་། དེ་ཁུལ་ནི་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་འོས་འདེམས་ཁུལ་གྱི་ས་ཁོངས་གལ་ཆེན་ཞིག་རེད། རླངས་འཁོར་གྱིས་མུ་མཐའ་མེད་པའི་ཐང་ཆེན་པོ་དང་མུ་ཁྱུད་ཀྱི་ཨར་ཅིན་རི་བོ་བརྒལ་ཏེ་མཐར་དབྱི་ཞེ་ཁེ་ཕ་ཐི་ལྟེ་གནས་ཀྱི་བདག་སྐྱོང་ས་ཚིགས་སུ་སླེབས་ཤིང་། དེ་སྲུང་སྐྱོང་ཁུལ་གྱི་བྱང་ཤར་མཚམས་ཀྱི་སར་གནས་པ་དང་། ས་བབ་སྨི་3900ཙམ་ཟིན་གྱི་ཡོད་པ་རེད།
ཨར་ཅིན་རི་བོ་དང་། བོད་བྱང་ཐང་། གཙང་གསུམ་ཆུ་འགོ་བཅས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གསུམ་དུ་རི་དང་ཆུ་བོ་ཕན་ཚུལ་འབྲེལ་ནས་མཚོ་བོད་ས་མཐོའི་ཐང་རྒོད་ས་ཁོངས་ཆེ་ཤོས་ཤིག་གྲུབ་ཡོད། སྲུང་སྐྱོང་ཁུལ་གསུམ་གྱིས་ས་མཐོའི་བྱེ་ཐང་སྐྱེ་ཁམས་མ་ལག་དང་དེ་བཞིན་གཙོད་དང་། འབྲོང་། རྐྱང་གིས་གཙོས་པའི་ས་མཐོའི་སྲོག་ཆགས་རྩ་ཆེན་འབོར་ཆེན་སྲུང་སྐྱོང་བྱེད་ཀྱི་ཡོད། ད་ཆ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་ཟིན་པ་དང་། བྱང་ཐང་རྒྱལ་ཁབ་སྤྱི་གླིང་དང་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་བཞིན་ཡོད། “ལྟོས་དང་། ཕ་གིར་འབྲོང་སྲུང་སྐྱོང་བྱེད་པ་དང་། འདི་གར་རྐྱང་སྲུང་སྐྱོང་བྱེད་ཀྱི་ཡོད། དེ་དག་ངེད་ཚོའི་ཕ་ཡུལ་ནས་མཐོང་བ་དང་ཧ་ལམ་ཁྱད་པར་མེད”ཅེས་མཉམ་དུ་འོང་བའི་ནག་ཆུའི་བདག་སྐྱོང་བས་རྒྱང་རིང་ལ་མཛུབ་མོ་འཛུགས་བཞིན་གསར་འགོད་པར་བཤད་བྱུང་།
གཡུ་ཐོག་བུ་རྒྱལ་གྱིས། “ཉེ་བའི་ལོ་འདི་དག་རིང་རི་སྐྱེས་སྲོག་ཆགས་མང་པོ་མཐོང་རྒྱུ་ཡོད་ལ། སྔོ་ཁེབས་ཀྱང་ལོ་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད། མིག་སྔར་སྲུང་སྐྱོང་ཁུལ་དུ་ཐོར་བཀོད་པའི་རྩི་ཤིང་སྣ་ཁ་སུམ་བརྒྱ་ལྷག་ཙམ་ཡོད། 2021ལོར་ཚན་རིག་རྟོག་ཞིབ་རུ་ཁག་ལ་དངུལ་ཏིག་དཀར་པོ་ཐོག་མར་རྙེད་པ་རེད། དེ་ནི་ས་མཐོའི་བྱེ་ཐང་སྐྱེ་ཁམས་མ་ལག་གི་གནས་སྟངས་མཚོན་ཐུབ་པའི་སྐྱེ་དངོས་ཤིག་ཡིན་པས། ས་མཐོའི་སྐྱེ་ཁམས་ཀྱི‘རྡོ་ཀ་ཤུ་ཀ’ཞེས་འབོད་ཀྱི་ཡོད། སྨན་རྩྭ་དེ་རྙེད་པ་ལས་དེ་གའི་སྐྱེ་ཁམས་ཟམ་མི་ཆད་པར་ལེགས་སུ་འགྲོ་བ་ཐད་ཀར་དཔང་པོ་བྱེད་ཐུབ་ཀྱི་ཡོད”ཅེས་འཛུམ་དམུལ་དམུལ་ངང་བཤད།
ང་ཚོས། “ཉམས་ཆག་འབྱུང་སླ་བའི་ས་ཆར་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་འདི་འདྲ་ཐུབ་པ་ནི་ལས་སླ་མོ་ཞིག་གཏན་ནས་མིན་ཤས་ཆེ”ཞེས་དྲིས།
གཡུ་ཐོག་བུ་རྒྱལ་གྱིས“དངོས་གནས་དཀའ་ལས་ཆེན་པོ་བརྒྱབ་པ་ཡིན”ཞེས་ལན་བཏབ། ཕྱུགས་འཚོ་བ་དང་གཏེར་ཁ་འདོན་པ་སོགས་ཀྱིས་ཨར་ཅིན་རི་བོའི་སྐྱེ་ཁམས་སྲུང་སྐྱོང་ལ་གནོན་ཤུགས་ཧ་ཅང་ཆེན་པོ་བཟོས་མྱོང་། ང་ཚོས་སྐྱས་སྤོས་རྩྭ་གསོ་དང་གཏེར་འདོན་ཁེ་ལས་གཙང་སེལ་བྱེད་པ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་འཕྲལ་མར་ལག་ལེན་བསྟར་བས། “མི་ཕྱུགས་རི་ནས་བབས། སྔོ་ལྗང་ས་མཐོར་གསོ”བའི་འགག་རྩའི་གོམ་སྟབས་སྤོ་ཐུབ་ཡོད། ཨར་ཅིན་རི་བོའི་སྲུང་སྐྱོང་ཁུལ་དུ་གནས་པའི་རུའོ་ཆང་རྫོང་ཆི་མན་ཐ་ཀེ་ཤང་གི་དུད་ཚང་113གི་འབྲོག་པ་407རི་བོའི་གཤམ་གྱི་རྫོང་གྲོང་དུ་གཅིག་རྗེས་གཉིས་མཐུད་ངང་གནས་སྤོས་ཤིང་། ཤང་ཡོངས་ཀྱི་ས་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་6.56ཟིན་པ་ནས་མང་ཆེ་བ་སྲུང་སྐྱོང་ཁུལ་དུ་གནས་པ་དང་། ད་ཆ་ས་ཆ་དེ་དག་སླར་ཡང་འབྲོང་དང་། རྐྱང་། གཙོད་སོགས་འཚོ་གནས་ཀྱི་ཞིང་ཁམས་སུ་འགྱུར་བས། “བདག་པོ་ངོ་མར་གྱུར”ཡོད།
སྐྱེ་ཁམས་སྲུང་སྐྱོང་བྱ་བར་ཚན་རྩལ་གྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། གཡུ་ཐོག་བུ་རྒྱལ་གྱིས་ང་ཚོ་བདག་སྐྱོང་ས་ཚིགས་ཀྱི་རྩྭ་དང་ནགས་ཚལ་རིག་ལྡན་ལྟ་སྐུལ་ཚོད་འཛིན་ལས་སྟེགས་ལ་ལྟ་བར་ཁྲིད་བྱུང་། “2024ལོར‘གནམ་ས་གཞི་གཅིག་ཅན’གྱི་ལྟ་ཞིབ་ཚད་ལེན་མ་ལག་རགས་ཙམ་བཏོད་ཐུབ་ཡོད”ཅེས་གཡུ་ཐོག་བུ་རྒྱལ་གྱིས་བརྙན་ཤེལ་ཐོག་སྐབས་བསྟུན་གྱིས་བརྗེ་པོ་རྒྱག་པའི་བརྙན་པར་ལ་མཛུབ་མོ་འཛུགས་བཞིན་དུ་བཤད་པ་དང་། ཁོང་གིས“སྲུང་སྐར་གྱི་རྒྱང་ཚོར་དང་། སྐུད་མེད་ཀྱི་ལྟ་སྐུལ་ཚོད་འཛིན། མི་མེད་གནམ་གྲུའི་སྐོར་གཡེང་བཅས་ཀྱིས་བདག་སྐྱོང་བྱ་ཡུལ་སྔར་བས་རྒྱ་ཆེ་རུ་ཕྱིན་ནས‘གནམ་མིག་ས་དྲ’ལྟ་བུ་ཞིག་ཆགས་ཡོད”ཅེས་བཤད།
མཉམ་སྐྱོད་པ་ཡིན་པའི་ནག་ཆུ་གྲོང་ཁྱེར་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་དང་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་མའོ་ཧྲི་ཕིང་གིས། 2023ལོ་ནས་བཟུང་། ཉི་ནུས་དང་སྲུང་སྐར་གྱི་བརྒྱུད་གཏོང་ལ་བརྟེན་ནས་དགུན་ཁར་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བཅུ་གྲངས་ཁ་ཤས་ལ་སླེབས་ཀྱང་ཉིན་མཚན་དབྱེར་མེད་དུ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་ཀྱི་ཡོད། ནག་ཆུ་གྲོང་ཁྱེར་གྱིས“གནམ་ས་གཞི་གཅིག་ཅན”གྱི་ལྟ་ཞིབ་ཚད་ལེན་མ་ལག་དང་གཙོ་གནད་ས་ཁོངས་སུ་ནུས་ཆེའི་སྲུང་སྐར་ལྟ་ཞིབ་ཚད་ལེན་ས་ཚིགས་14བཙུགས་པས“གནམ་མཁའ་ས་གསུམ”གྱི་ཕྱོགས་གསུམ་ཐད་ནས་བར་ཐག་རིང་པོ་དང་། ཁྱབ་ཁོངས་ཆེན་པོ། ཉེ་བཅར་མི་དགོས་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དུས་ཐོག་ལྟ་ཞིབ་ཚད་ལེན་ཐུབ་པ་བྱུང་ཡོད་ཅེས་མྱོང་ཚོར་ཟབ་མོའི་ངང་བཤད།
ས་ཚིགས་རྗེས་མར་སྐྱོད་པའི་ལམ་དུ་ངས་རླངས་འཁོར་གཅིག་ནང་སྡོད་པའི་མཚོ་གཉིས་རྫོང་གུ་རུ་དག་མའི་བདག་སྐྱོང་ས་ཚིགས་ཀྱི་བདག་སྐྱོང་བ་དར་པོ་དང་ཁ་བརྡ་བྱས་པ་ཡིན།
དར་པོས་ངོ་སྤྲོད་བྱས་པར་གཞིགས་ན། 2020ལོ་ནས་ད་བར། ཁོང་ཚོས་ཁོངས་གཏོགས་ཁུལ་དུ་དམར་ཕྱིའི་པར་ཆས་20ལྷག་ཙམ་བཙུགས་པ་དང་། “ལོ་དང་པོར་གསའ་རིགས་མི་འདྲ་བ་20ལྷག་ཙམ་པར་ལེན་ཐུབ་ཡོད། དེ་ནི་ཁོང་ཚོས་གསའ་ཁྱུའི་གྲངས་གཞི་གནད་ལ་འཁེལ་པོས་རག་ཐེངས་ཐོག་མ་དེ་རེད”
“གསའ་གཅིག་རང་ཞིག་གིས་ཕར་འགྲོ་ཚུར་འོང་བྱས་མེད་པ་གང་འདྲ་བྱས་ནས་གཏན་འཁེལ་བྱེད་ཐུབ”ཅེས་ངས་ཡ་མཚན་ཆེན་པོས་དྲིས།
དར་པོས“ལྟོས་དང་། གསའ་དེ་དག་གི་དཔྲལ་བ་དང་རྔ་མའི་ཁྲ་རིས་དང་ཆེ་ཆུང་ཚང་མ་མིའི་གདོང་བཞིན་གཅིག་པ་གཏན་ནས་མ་རེད། ང་ཚོས་གསའ་དབྱེ་འབྱེད་བྱེད་སྐབས་དེ་དག་གི་ཁྲ་ཐིག་ལ་ལྟ་གི་ཡོད”ཅེས་བཤད།
“གལ་སྲིད་པར་ཟུར་ནས་ཐེབས་པའམ་ཡང་ན་གསལ་པོ་ཐེབས་མེད་ཚེ་ཇི་འདྲ་བྱེད་དགོས”
“ང་ཚོར་ཐབས་ཤེས་ཡོད”ཅེས་དར་པོས་ཅུང་གདེང་ཚོད་ལྡན་པའི་ངང་བཤད་པ་དང་། ཁོང་གིས “པར་ཆས་གང་བྱུང་དུ་འཛུགས་རྒྱུ་མེད། ས་ཆ་གཅིག་ནས་པར་གསལ་པོ་ཐེབས་མི་ཐུབ་སྟབས། གསའ་རྒྱུན་དུ་འགྲོ་སའི་ཉེ་འགྲམ་དུ་པར་ཆས་མང་ཙམ་བཙུགས་ཚེ། གསའ་གསལ་པོ་མཐོང་ཐུབ་ས་ཞིག་གཏན་གཏན་རྙེད་ཐུབ”ཅེས་བཤད།
གདེང་ཚོད་དེ་ནི་ལོ་མང་སྐོར་སྲུང་དང་ལྟ་ཞིབ་ཞིབ་ཚགས་བྱས་པ་ལས་བྱུང་བ་ཞིག་རེད། “གསའ་ནི་རི་མཐོ་གཡང་གཟར་དུ་འཚོ་སྡོད་བྱེད་པ་དང་། རྟག་ཏུ་སྡོད་སར་མཐོ་ཚད་ལ་ལི་སྨི་10ཙམ་ཟིན་པའི་ས་ཕུང་ཆུང་ཆུང་སྤུངས་ཀྱི་ཡོད”ཅེས་དར་པོས་བཤད་པ་དང་། ཁོང་གིས“སྐོར་སྲུང་བྱེད་སྐབས་གསའ་ཡིས་བཞག་པའི་རྟགས་དེ་རིགས་མཐོང་ཚེ་ཉེ་འགྲམ་དུ་གསའ་ཡོད་པ་སྤྱིར་ན་གཏན་འཁེལ་བྱེད་ཆོག ང་ཚོས་སྔོན་མའི་ཉམས་མྱོང་དང་ཟུང་འབྲེལ་གྱིས་པར་ཆས་བཙུགས་ཏེ་རྟགས་དེ་དག་བཙལ་ནས་གསའ་གང་དུ་ཡོད་མེད་གཏན་འཁེལ་བྱེད་ཀྱི་ཡོད”ཅེས་བཤད།
ང་ཚོས་བོད་བྱང་ཐང་དང་ཁུ་ཁུ་ཤིས་རི་བརྒལ་ནས་ཨར་ཅིན་རི་བོར་འབྱོར། ས་ཆ་མི་འདྲ་བའི་བདག་སྐྱོང་བས་བརྗོད་པའི་གཏམ་རྒྱུད་ལ་འདྲ་བའི་ཆ་ཡོད་ལ་ཡོངས་སུ་མི་འདྲ་བའི་ཆ་ཡང་ཡོད། འབྲི་ཆུའི་ཆུ་འགོར་ལྟ་ཞིབ་ཚད་ལེན་དང་། གསའ་ཡི་ཁྲ་ཐིག འབྲོག་པ་སྐྱས་སྤོ་བ། ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་བ་བཅས་སྐོར་གྱི་གཏམ་རྒྱུད་ལས། སྲིད་འཛིན་ས་ཁོངས་མི་འདྲ་བ་དང་སྲུང་སྐྱོང་ཁུལ་གྱི་མིང་མི་འདྲ་ནའང། ཁོང་ཚོའི་ལས་འགན་ནི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་བཅད་འཛུགས་རྒྱུ་དེ་ཡིན་པ་དང་། ཁོང་ཚོའི་འགན་འཁྲི་ནི་རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱ་རྒྱུ་དེ་རེད།
2025ལོའི་ཟླ་12ཚེས་30ཉིན་གྱི་ཐོ་རེངས།
(པ་སངས་ཚེ་རིང་དང་སྐལ་མཆོག་གིས་སྒྱུར་ཞུས་བྱས)
བྱང་ཐང་སྐོར་སྲུང་ཉིན་ཐོ།