འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་3ཉིན་གནས་ཚུལ་འབྱོར་གསལ། 2025ལོའི་ཟླ་12ཚེས་29ཉིན་བར། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ལོའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་800ལས་ཐོག་མར་བརྒལ་བ་དང་ལོའི་འགན་ལེན་བྱས་པའི་དུས་གཏན་གནམ་གྲུ་འཕུར་འབབ་ཐེངས་ཁྲི་7ལས་ཐོག་མར་བརྒལ་བ་རེད། 2024ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཐོག་མར་མི་ཐེངས་ཁྲི་700ལས་བརྒལ་ཚུན། ལོ་གཅིག་གི་ནང་སླར་ཡང་མི་ཐེངས་ཁྲི་བརྒྱ་མང་དུ་ཕྱིན་ནས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་མུ་མཐུད་ལེགས་སུ་འགྲོ་བའི་སྐྱེལ་འདྲེན་ཐོན་སྐྱེད་ཀྱི་རྣམ་པ་མངོན་ཡོད།
ཡུལ་སྐོར་བ་འགྲོ་འོང་གི་དགོས་མཁོ་དང་ས་ཁོངས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ཏེ། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་བས། མིག་སྔར་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ལྟེ་བར་བྱས་པ་དང་། ཆབ་མདོའི་སྤང་མདའ་དང་། ཉིང་ཁྲིའི་སྨན་གླིང་། མངའ་རིས་ཀྱི་དགུན་ས། གཞིས་རྩེའི་ཞི་བདེ། ལྷོ་ཁའི་ལྷུན་རྩེ། གཞིས་རྩེའི་དིང་རི། མངའ་རིས་ཀྱི་སྤུ་ཧྲེང་བཅས་ཡན་ལག་གནམ་ཐང་7གྱིས་འདེགས་སྐྱོར་བྱས་པའི“1+7”སྐྱེལ་འདྲེན་གནམ་ཐང་གི་བཀོད་པ་ཆགས་ཡོད། མིག་སྔའི་བར། བསྡོམས་རྩིས་བརྒྱབ་ན་གནམ་གྲུ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་84ཟིན་པ་དང་མཁའ་ལམ་ཤར་གཏོང་བྱས་པའི་བསྡོམས་འབོར་204བར་མང་དུ་ཕྱིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རིམ་རྩིས་བརྒྱབ་ན“ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་གནམ་གྲུ་འཕུར་འབབ་ཐེངས་ཁྲི་29.6ཙམ་འགན་ལེན་བྱས་པ་དང་། སྐྱེལ་འདྲེན་བྱས་པའི་འགྲུལ་པ་མི་ཐེངས་ཁྲི་3188.2ལས་བརྒལ་བ། དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་སྐྱེལ་འདྲེན་བསྡོམས་འབོར་གྱིས་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འཁོར་རྒྱུག་བྱེད་འབོར་ནང་བཟུང་བའི་བསྡུར་ཚད་68%ལས་བརྒལ་བ་བཅས་བྱུང་སྟེ། དམངས་སྤྱོད་མཁའ་འགྲུལ་གྱིས་ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།